ལུག་རྫི།
མེ་ཏོག་འདི་མཐོང་ན།
ངའི་བྱིས་དུས་ཕ་ཡུལ་གྱི་དབྱར་གཞུང་གི་ཞོགས་པའི་ལོ་ཟླ་དྲན་འོང་ལ།
དེ་དུས་ཆར་རྗེས་ཀྱིས་ཟིལ་བ་རྡོག་པོ་རེ་རེ་ནི་མེ་ཏོག་གི་འདབ་ཡལ་སྟེང་དུ་ལྷུང་སྟེ་མུ་ཏིག་གི་ཕྲེང་བས་ཕྲ་བཏབ་པ་བཞིན་གང་སར་འོད་ཀྱིས་འཚེར།
མེ་ཏོག་འདིས་ངའི་ད་ལྟའི་དྲན་པ་སྐྱ་མོའི་ཁ་དོག་ཡོངས་སུ་གཏོར་ཏེ་ཕྱིར་ཕ་ཡུལ་དང་ཧ་ཅང་ཁ་ཐག་རིང་བའི་ཡུལ་ནས་ངའི་འདས་སོང་གིས་ལོ་ཟླ་མོད་པོ་ཞིག་ལ་ཆེད་དུ་དྲན་གསོས་བཅུག་ཏེ་ངའི་སྙིང་ལ་དགའ་བ་འབུམ་གྱིས་བདེ་བ་སྩལ།
ཨེ་མ་ཇི་འདྲའི་མཚར་སྡུག་ལྡན་པ་ཞིག་རེད་ཨང་།
སྐབས་དེར་ངའི་སེམས་ཁམས་ནི་ཁ་ནས་བརྗོད་པ་མེད་པའི་སྤྲོ་བས་ཁེངས་ཡོད་པ་དྲན་པའི་ཀློང་ན་ད་དུང་ཡལ་མེད་དུ་གསལ་ལྷིང་ངེར་འདུག སྐབས་དེའི་ངའི་མིག་གི་སྤྱོད་ཡུལ་ཐམས་ཅད་རིན་པོ་ཆེ་ལས་ལྷག་པའི་རིན་ཐང་ལྡན།
སྐབས་དེའི་ངའི་རྣ་བར་གསན་གསན་ལྷུང་ལྷུང་ཐམས་ཅད་ཧ་ཅང་སྙན་ཞིང་འཇེབ་པའི་ལྷ་ཡུལ་ལྟ་བུའི་དག་ཞིང་ལས་དག་ཞིང་བར་ན་ནམ་ཡང་ཡིད་སྨོན་གྱིས་དགའ་ལྷིང་ལྷིང་དུ་ཡོད་པ་ཚོར།
སྐབས་དེའི་ངའི་ཕ་མ་གཉིས་དང་རྒན་རབས་པའི་བསླབ་བྱ་ནི་ད་ལྟ་བསམ་ན་ལྷད་མེད་པའི་རིན་ཆེན་གསེར་ལས་དཀོན་པའི་རིན་པོ་ནོར་བུ་དོ་ཤལ་ཞིག་ཅི་ལ་མིན། ཡིན་ཏེ།ཡོད་ཚད་སྲིད་པའི་འཁོར་བར་འཇུག་པའི་སྲིད་པ་རྒན་པོའི་འབེལ་གཏམ་ཤ་སྟག་ཏེ།སྐབས་དེའི་གྲོགས་ན་ཟླ་ཚོའི་དགོད་སྒྲ་ནི་ངའི་སེམས་ནང་ལ་ཁ་ཞེ་གཉིས་མེད་ཀྱི་དགོད་སྒྲ་དངོས་མ་དེ་ཡིན་ལ།ལྷད་མེད་ཀྱི་དགོད་སྒྲ་དེའང་ཡིན།
སྐབས་དེའི་རི་ཆུ་ནགས་གསུམ་ཐམས་ཅད་པོ་ནག་ནོག་གིས་མ་གོས་པའི་རྟ་ནོར་ལུག་གསུམ་ལ་དབང་བའི་རི་ཆུ་ནགས་གསུམ་རང་བྱུང་ངོ་མ་དེ་ཡིན་པ་ལས། དིང་ལྟར་ཁྲིམས་མེད་ལུགས་མེད་ཀྱི་བཀག་རྒྱའི་ནང་དུ་ལྷུང་ཡོད་པའི་འབོག་བཙོག་གད་སྙིགས་སྤུངས་སའི་ཕ་ཡུལ་དེ་མིན།
སྐབས་དེའི་བྱ་བྱེའུ་རི་སྐྱེས་སྲོག་ཆགས་ཐམས་ཅད་ཀྱི་འཁོར་ས་ནི་མཛེས་སྡུག་གི་ཁོར་ཡུག་དེ་ན། བག་གཡེང་ངང་གང་སར་ཁྱུ་དང་ཁྱུ་བྱས་ནས་རྒྱུ་བར་བྱེད།
སྐབས་དེའི་ནམ་མཁའ་ནི་རང་བྱུང་གིས་ཉི་ཟླ་སྐར་གསུམ་གྱིས་ལྷུན་གྱིས་བཏབ་པའི་རི་མོ་དང་འཇའ་ཚོན་སྣ་ལྔའི་མཛེས་སྡུག་ལས་གྲུབ་པའི་མཐིང་མདོག་གི་ནམ་མཁའ་དེ་ཡིན་པས། དེ་དུས་ཀྱི་ཕ་ཡུལ་ནི་ཤིན་ཏུ་སྐྱིད། ཤིན་ཏུ་སྡུག ཧ་ཅང་ཉམས་དགའ་ལ། ཞི་བདེ་ཡི་ས་ཆ་ཞིག་ཡིན། མདོར་ན་སྐབས་དེའི་ཡོད་ཚད་ནི་ཁ་སང་དེ་རིང་གི་ངའི་རྨི་ལམ་གྱིས་ཚབ་མཚོན་པ་ཙམ་ལས། ད་ཆ་ཡོད་ཚད་རྨང་ན་འཁྲུགས་འདུག ཡོད་ཚད་འགྱུར་འདུག
རེད་དེ།
མེ་ཏོག་འདིའི་དབྱིབས་དང་ཁ་མདོག་གིས་ང་རྒྱང་ནས་ཁྲིད་དེ་སླར་ཡང་ངའི་ཆུང་དུས་ཀྱི་ལྟེ་ཁྲག་འཐོར་སའི་ཕ་ཡུལ་ལ་དྲན་གསོ་ཡན་གར་བ་ཞིག་གནང་བས་ངའི་ཚོར་བ་མར་གནོན་ཐབས་བྲལ་སོང་། དཔེ་བཞག་ན།
མེ་ཏོག་དེ་ནི་མཉེན་ཞིང་འཇམ་ལ།
མཛེས་པའི་མེ་ཏོག
ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག
ཡིད་འོང་གི་མེ་ཏོག
དྲི་ལྡན་གྱི་མེ་ཏོག
ཕ་ཡུལ་གྱི་མེ་ཏོག
རྒྱང་རིང་གི་མེ་ཏོག
དུས་ནམ་ཡང་ངའི་སེམས་ནང་ལ་ཡལ་མེད་ཀྱི་མེ་ཏོག་ཆུན་པོ་དེ་ཡིན།
ནང་དུ་སྡོད་ཡུན་རིང་དྲག་པས་ལུག་རྫིས་བྲིས།
2020/4/28