བོན་རྒྱ་བསྟན་འཛིན་རབ་རྒྱས།
དེ་རིང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་སུམ་ཅུ་སོ་གཅིག་ལ་ཕེབས་པའི་འཁྲུངས་སྐར་ལ་འཁེལ་འདུག་པས། དྲ་ལམ་ཟིང་ཟིང་ལོང་ལོང་རེད། ཡིན་ནའང་། མང་ཆེ་བས་ད་དུང་པཎ་ཆེན་སྐུ་ཕྲེང་བཅུ་པ་གླེང་གིན་འདུག ལ་ལས་བཤད་ན། “ཆུང་སྲིད་རིན་པོ་ཆེ་འཇིག་རྟེན་དུ་བཞུགས་ཡོད་མེད་ཀྱང་མི་ཤེས་ལ། བཞུགས་ཡོད་ཀྱང་ལོ་སུམ་ཅུའི་རིང་ཅི་ཞིག་བསླབ་ཡོད་མེད་མི་ཤེས། གཅིག་བྱས་ན། བོད་ཡིག་བོད་སྐད་ཀྱང་བསླབ་མེད་པར་དཔོན་ཕྲུག་མ་ཞིག་གི་ལྕགས་ཐག་བསྐོན་ཡོད་སྲིད་”ཟེར། གླེང་སྟངས་འདི་བོད་ཀྱི་རིག་གནས་ཀྱི་ངོས་ཤིག་མིན་པ་མ་ཟད།ཁོང་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་མེད་དུ་ངོས་ལེན་པའི་ཡིད་ཆེས་ཀྱི་ངོས་ནས་ཀྱང་མ་རེད། དེ་ནི་ཕལ་བའི་མི་ལ་ཕལ་བས་ལྟ་སྟངས་ཙམ་རེད། སངས་རྒྱས་ཆོས་ལུགས་ཀྱི་བཤད་ཚུལ་ལྟར་ན། ཁྱེད་ནི་པཎ་ཆེན་རྒྱ་སྟག་ངར་མའི་མཛད་འཕྲོ་སྐྱོང་བར་རང་དབང་གིས་ཕེབས་སྐད། ཁྱེད་ལའང་གནམ་གྲུའི་མཐོ་ཚད་ཀྱི་རྔ་མ་ཡོད་པ་མ་ཟད། རི་རབ་ཀྱིས་མནན་ཀྱང་མི་ཁོག་པའི་སྟོབས་ཤུགས་ཡོད་པ་ཡིན། ལྷག་པར་རྒྱལ་བ་རིན་པོ་ཆེས། ཁྱེད་ཀྱི་ཞབས་བརྟན་གསོལ་འདེབས་ནང་དུ། “ཡེ་ཤེས་སྒྲིབ་བྲལ་འཕྲིན་ལས་ཕུན་སུམ་ཚོགས། །”ཞེས་གསུངས་ཡོད་ལ། དེ་ནི་སྒྲིབ་བྲལ་ཡེ་ཤེས་ཀྱིས་གཟིགས་སྣང་ཉིད་དུ་སྐད། ངས་ཡིད་ཆེས་རྩེ་གཅིག་གིས་ཁྱེད་ཀྱི་ཡེ་ཤེས་ལ་སྒྲིབ་པ་བྲལ་ཞིང་འཕྲིན་ལས་ཕུན་སུམ་ཚོགས་པའི་སྨོན་ལམ་སྙིང་ནས་འདེབས་ཀྱིན་ཡོད།
ཡིད་ཆེས་ནི་དད་པ་ཙམ་མིན་པར་རིག་གནས་ཤིག་ཡིན། རིག་གནས་ལ་ཡིད་ཆེས་ན་ཁྱོད་ལའང་ཡིད་ཆེས་ཆོག་པར་འདོད་པས། བོད་པ་ཚོས་ངོ་མི་ཤེས་པའི་ཁྱེད་སྐད་ཀྱིས་བོས་ཏེ། ཁྱེད་ཀྱི་མིང་བྱང་ཁྲི་འབུམ་རྒྱལ་སྤྱིའི་ཡིག་ཚང་ཁག་ལ་བསྐྱལ་བ་དེ་དད་པ་ཙམ་དང་ཆབ་སྲིད་ཙམ་མིན་པར། ཁྱེད་ཀྱི་སྐུ་ཕྲེང་བཅུ་ཕྲག་གཅིག་གིས་བོད་མི་རིགས་ལ་བསྐྲུན་པའི་བླ་མེད་ལག་རྗེས་དང་རིག་གནས་ཀྱི་ཡིད་ཆེས་ཤིག་རེད། ཡིད་ཆེས་འདི་ཡང་རིག་གནས་ཤིག་ཡིན་པས། རིག་གནས་འདི་མ་འཇིག་བར་དུ་བོད་མི་རིགས་འཇིག་མི་སྲིད་ལ། བོད་མི་རིགས་ཀྱི་སེམས་ཁོང་གི་པཎ་ཆེན་རྒྱ་སྟག་ངར་མའི་སྤོབས་པ་དེ་བས་ཀྱང་འཇིག་མི་སྲིད།
“ང་ལ་རང་ཉིད་ཆེས་དགའ་བའི་གངས་རི་ཡོད་པས། །ངས་ཁྱེད་ལ་དྲན་གསོ་དྲག་པོ་བྱེད་པར་ཕོད་སོང་། །”ཞེས་ངས་ཁྱེད་ཀྱི་སྐུ་གོང་མར་ཕུལ་བའི་སྙན་ཚིག་ཅིག་གི་དབུ་བསླངས་ཡོད། ང་དགའ་བའི་གངས་རི་དང་ངས་ཡིད་ཆེས་པའི་རིག་པའི་གཞུང་ལུགས་ཀྱི་བདེན་པ་བརྡར་ན། ཉི་མས་སྤྲིན་པ་བརྟོལ་བའི་ཚུལ་དུ། ཁྱེད་ཀྱང་གངས་རིའི་རྔམ་ཟིལ་གྱི་སྙིང་སྟོབས་ཁུར་ནས། གནམ་གྲུའི་མཐོ་ཚད་ཀྱི་རྔ་མ་བཅག་ནས་གངས་རིའི་པང་དུ་ལོག་པའི་ཡིད་ཆེས་ཡོད།
པཎ་ཆེན་སྣང་བ་མཐའ་ཡས། ཁྱེད་ཀྱི་སྐུ་སྔ་མས། རྣོ་ལྕགས་ཀྱི་སྒོ་ལྕགས་ལོ་ཟླ་དེད་ནས་གཏོར་ཏེ་སླར་ཡང་གངས་རིའི་པང་དུ་ལོགས་ཤིང་། གངས་ལྗོངས་ལྔ་རིག་སློབ་གླིང་གི་རྨང་གཞི་བསྐྲུན། གངས་ཅན་རིག་བརྒྱའི་སྒོ་འབྱེད་ཀྱི་ལྡེ་མིག་བརྡུང་ཏེ། གངས་ཅན་ཀུང་སིའི་དཔལ་འབྱོར་གྱི་སྒྲོམ་གཞི་བསླངས་ནས་གངས་ཅན་ཆོས་རིག་དར་སྤེལ་གྱི་བ་དན་གངས་རིའི་རྩེ་མོར་བསྒྲེངས་པ་མིན་ནམ།
ང་ལ་པཎ་ཆེན་སྣང་བ་མཐའ་ཡས་གཅིག་ལས་མེད་ལ། གཅིག་དེ་ནི་སྤྱན་རས་གཟིགས་ཀྱི་སྒྲིབ་བྲལ་ཡེ་ཤེས་ལས་རྙེད་པའི་ཁྱེད་ཁོ་ན་ཡིན། ཁྱེད་རྒྱལ་བ་རིན་པོ་ཆེས་ངོས་འཛིན་མཛད་ནས་ཉིན་གསུམ་གྱི་རྗེས། དགུང་ན་དྲུག་ལས་མ་སོན་པའི་ཁྱེད་ཡབ་ཡུམ་འཁོར་དང་བཅས། བྱ་བྲལ་རིན་པོ་ཆེ་དང་དང་ཁོང་གི་དྲུང་ཡུག་བཅས་བོར་སོང་། དུས་དེ་ནས་བཟུང་། ཁྱེད་ཀྱི་སྐྱབས་འོག་ལ་སྐྱེས་པའི་ཁ་བ་ཅན་པ་དང་འཛམ་གླིང་མི་མང་ལ། ཁྱེད་ཀྱི་སྐུ་པར་གཅིག་ལས་གཞན་གང་ཡང་མེད། ཡིན་ནའང་། ངེད་ཚོས་སྐུ་པར་དེ་གཅིག་བུ་མགོ་ལ་བཞག་ནས་ལོ་ཉེར་ལྔ་འགོར་སོང་། འདི་ནི་རིག་གནས་ཤིག་གི་ཕྱི་ཐག་རེད།
ངས་ད་དུང་དོན་དག་ཅིག་དྲན་སོང་། ཨ་ལགས་གུང་ཐང་རིན་པོ་ཆེ། ཁྱེད་ཀྱི་སྐུ་སྔོན་མའི་སློབ་མ་འདང་ཆེན་ཞིག་ཏུ་སྐད། ད་དུང་ཨ་མདོའི་བླ་ཆེན་ཞིག་ཀྱང་ཡིན། ཁོང་གིས་ཁྱེད་སྐུ་གོང་མ་ཞིང་གཞན་གཤེགས་དུས་དགོན་པ་ཞིག་ལ་གསུང་བཤད་གནང་བའི་སྒྲ་ཞིག་འཁྱམ་གྱིན་འདུག ཕལ་ཆེར་ཞིང་དུ་གཤེགས་ལ་ཐུགས་ནས་གྲ་སྒྲིག་ཡོད་ཚོད་འདྲ་བོ་ཞིག ཁོང་ཚང་ནམ་རྒྱུན་པེ་ཅིན་ནས་བཞུགས་པས་བཀྲ་ཤིས་ལྷུན་པོའི་ཕོ་བྲང་ནས་ཞིང་དུ་ཕེབས་ན་སྐུ་གདུང་དགོན་པར་གདན་ཞུ་སོགས་ལའང་སྟབས་བདེ་བ་སོགས་ཀྱི་གསུང་བཤད་ཅིག་གནང་གིན་འདུག ངས་དེ་ནས་མར་ཉན་མ་འདོད་ཐལ།
ཉེ་བའི་ཆར་ཡང་ཁྱེད་ཐུགས་ཐག་བཅད་པའི་སྐོར་ལ་གུང་ཐང་རིན་པོ་ཆེའི་གསུང་བཤད་ཅིག་དྲ་ལམ་ན་འཁྱམ་གིན་འདུག དེར་ཉན་དུས། “ངའི་བསམ་ན། རྒྱལ་བ་རིན་པོ་ཆེ་ཡང་ཕེབས། ཕེབས་མ་ཐུབ་ན་ཁོང་གི་སྐུ་ཚབ་ཅིག་མར་མངགས་ནས། ཇོ་བོ་རིན་པོ་ཆེའི་སྐུ་མདུན་སྔར་གྱི་སྒྲིག་ལམ་ལྟར་གསེར་བུམ་དཀྲིགས་ན་པཎ་ཆེན་གཅིག་མ་གཏོགས་གཉིས་ཡོད་རྒྱུ་མ་རེད། མི་མང་གི་སེམས་ནས་གཅིག་ལ་འགྱུར་རྒྱུ་རེད། དེའི་བར་ནས་བྱ་བྲལ་རིན་པོ་ཆེས་ལས་ཀ་མང་པོ་ལས་སོང་།” ཞེས་དང་། “ཀྲུང་དབྱང་ཀྱི་ཐུན་མོང་མ་ཡིན་པའི་དབང་ཆ་དེ་ཐང་ལ་གཡུག་བཞག་ན། རྒྱལ་ཁབ་ཀྱིས་ཁས་ལེན་ཐུབ་མ་བྱུང་བ་རེད།” ཅེས་དང་། ཁོང་གིས་རྨི་ལམ་ཅིག་ཅིག་བཏང་རབས་ཀྱི་གཏམ་བཤད་གནང་གིན་འདུག ཡང་ངས་ཉན་མ་འདོད་ཐལ།
ངས་བསྐྱར་དུ། རྒྱལ་བ་རིན་པོ་ཆེས། ཁྱེད་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གྱི་གསལ་བསྒྲགས་དང་པོ་བཙལ་བ་ཡིན། ༄༅། །ཤིང་ཕག་བོད་ཟླ་ ༣ ཚེས་ ༡༥ ཉིན། ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་བཅུ་པའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མར་ངོས་འཛིན་གསལ་བསྒྲགས་བསྐྱངས་པའི་བཀའ་ཤོག །ཀུན་གཟིགས་༸པཎ་ཆེན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེའི་ཡང་སྲིད་སྐོར། རྒྱ་གར་ནང་བྱེས་འཁོད་བཀྲས་ལྷུན་དགོན་དང༌། ཡང་སྲིད་སྐོར་གྱི་ལས་དོན་ཚོགས་ཆུང་གཙོ་གྱུར་གངས་ལྗོངས་མངའ་རིས་དབུས་གཙང་མདོ་སྟོད་སྨད་ཀྱི་མི་མང་བོད་ཕྱི་ནང་དུ་གནས་འཁོད་དང༌། ལ་དྭགས་སོགས་ས་ཁུལ་ཁག་ནས། སྤྱི་སྒེར་མང་པོ་ཞིག་གིས་སྔ་རྗེས་སུ་འདི་གར་བརྟག་ཞུ་དང༌། རྟགས་མཚན་ཅན་གྱི་ཁྱེའུའི་མཚན་ཐོ། འདྲ་པར། ལོ་རྒྱུས་བཅས་ཕུལ་འབྱོར་བྱུང་ཞིང༌། སྔར་ཕན་༸རྒྱལ་བ་ཡབ་སྲས་ཀྱི་འབྲེལ་ལམ་ལོ་རྒྱུས་རིམ་ཅན་དངོས་ཡོད་བཞིན། ད་ལམ་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་འོས་འགན་ངོས་རང་ལ་བབས་པ་ལྟར། ལྷག་བསམ་དོ་གལ་ཆེན་པོས་ཁུར་དུ་བླངས་ཏེ་ལོ་ཤས་རིང་རིམ་གྲོ་འབད་སྒྲུབ་ཐོག་གཞུང་བསྟེན་དགྲ་ལྷ་ཁག་ལའང་གོ་བསྡུར་སྔ་རྗེས་བགྱིས་ཤིང༌། ཐོག་མའི་རེ་འཆར་ལ་འདི་ནས་འོས་སྤྲུལ་གཙོ་ཆེ་ཁག་ཁོངས་བོད་དུ་ཡོད་རིགས་ལ་དངོས་པོ་ངོས་འཛིན་གྱི་བརྟག་དཔྱད་སོགས་བྱེད་ཐུབ་རེས་འདས་པའི་ལོ་ངོ་གསུམ་ཙམ་གྱི་རིང་ངོས་ནས་རྒྱ་ནག་གཞུང་བརྒྱུད་འབྲེལ་བ་བྱེད་ཐབས་བྱས་ཀྱང་དོན་ཐོག་མ་སོན། ད་ཆ་གངས་ལྗོངས་གཞིས་བྱེས་འབྲེལ་ཡོད་མི་མང་ཚང་མས་ཡང་སྲིད་རིན་པོ་ཆེ་འཕྲལ་མྱུར་གཏན་འཁེལ་ཡོང་བའི་རེ་སྨོན་བྱེད་པ་ལྟར། བསླུ་མེད་མཆོག་གསུམ་རྒྱ་མཚོར་གསོལ་འདེབས་དང༌། ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་སྐུ་ཕྲེང་རིམ་བྱོན་གྱི་མཚན་ནས་སྨོས་ཏེ་བདེན་བདར་དང་འབྲེལ་ཤོ་མོ་དང༌། ཟན་བརྟག་ནན་ཏན་སྔ་རྗེས་བགྱིས་པ་ཐམས་ཅད་མཐུན་པར་ནག་ཆུ་ལྷ་རི་རྫོང་ཁོངས། སྐྱེད་བྱེད་དཀོན་མཆོག་ཕུན་ཚོགས་དང༌། སྐྱེད་མ་བདེ་ཆེན་ཆོས་སྒྲོན་ཟུང་གི་བུ་དགེ་འདུན་ཆོས་ཀྱི་ཉི་མ་ཞེས་པ་དེ་འཁྲུལ་བྲལ་ངེས་རྙེད་བྱུང་བས། མཆོག་སྤྲུལ་རིན་པོ་ཆེའི་མཚན། བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་ཞེས་གསོལ་ཞིང༌། ༸ཞབས་བརྟན་གསོལ་འདེབས་བཞེད་དོན་ལྷུན་འགྲུབ་ཅེས་པ་ཡང་བརྩམས་བྲིས་བྱས། ༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱེད་སྒོ་འདི་ཐད་ཆོས་ཕྱོགས་ཀྱི་བྱ་བ་ལས། ཆབ་སྲིད་ཀྱི་གནད་དོན་མིན་གཤིས་རྒྱ་ནག་གཞུང་གིས་ཀྱང་ཡང་སྤྲུལ་ཁྲི་འདོན་གྱིས་མཚོན་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་ལ་མཐུན་འགྱུར་ཕན་གྲོགས་གནང་བའི་རེ་བ་ཡོད། ཤཱཀྱའི་དགེ་སྦྱོང་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས། ༡༩༩༥ ཟླ་ ༥ ཚེས་ ༡༤ བོད་ཤིང་ཕག་ནག་ཟླའི་ཚེས་ ༡༥ དཔལ་ལྡན་དུས་འཁོར་གྱི་རྩ་རྒྱུད་གསུངས་པའི་དུས་ཆེན། རྒྱལ་སྤྱིའི་སངས་རྒྱས་ཀྱི་འཁྲུངས་ཚེས་དགེ་བར་བྲིས།། ཞེས་གསལ་བས། ངའི་ཚོར་བ་ནི་རྒྱུ་མཚན་ཅན་དུ་སྙམ།
ངས་པཎ་ཆེན་སྐུ་གོང་མར་ཕུལ་བའི་རྩོམ་ཡིག་དེ་རུ། ཆབ་སྲིད་པའི་རྩེད་ཆས་སུ་གྱུར་པའི་དུས་རབས་ནས། །གངས་རིའི་དཔའ་མཛངས་ལ་གྱུར་པའི་ལོ་ཟླ་རིང་བོ། །”འོད་དཔག་མེད་མཁྱེན་”ཞེས་པ་འདི་ཡིས་མི་མཚོན་པར། །གནམ་གྲུའི་གཤོག་སྣེ་ལ་རེག་པའི་རྔ་མ་དེས་མཚོན། །ཞེས་བྲིས་པ་ལྟར། ཁྱོད་ཀྱི་སྐྱེ་རབས་ཀྱི་ཕྲེང་བ། མུན་ནག་དང་གདོང་གཏུག་ནས་དཔའ་ངར་གྱིས་ཡར་བཞེངས་ཚུལ་ཞིག་གི་གཡར་དམ་དང་འབྲེལ་ཡོད་ཕྱིར། འཁྲུངས་ཙམ་ནས་སླར་ཡང་བཙོན་དུ་བཞུད་དགོས་པ་འདི་བྱ་དཀའ་ལ་གྲངས་མང་བའི་རྒྱལ་སྲས་ཀྱི་མཛད་སྤྱོད་ཅིག་ཡིན་ནམ། ཞེས་དྲི་བར་འདོད་པ་མ་ཟད། ཁྱེད་བཞུད་པའི་བཙོན་མཁར་དག་གི་ནང་དུ་ཁྱེད་ཀྱི་སྐྱེ་བ་སྔ་མས་དཔར་བའི་ཁུ་ཚུར་གྱི་རྗེས་ཤུལ་འདུག་གམ། ཡིག་འབྲུ་ཁྲི་བདུན་གྱི་བདེན་པའི་ངར་སྒྲ་ལྡིར་རམ། ཀྱེ། པཎ་ཆེན་སྣང་བ་མཐའ་ཡས།
པཎ་ཆེན་སྣང་བ་མཐའ་ཡས། ང་ནར་མ་སོན་པའི་སྐབས་ནས་མཚན་འདི་ཐོས་ཤིང་འདི་འབྲེལ་གྱི་གཏམ་རྒྱུད་ཁྲོད་འཚར་ལོངས་བྱུང་བས། ང་ཐ་སྙད་འདི་ལ་དད་པ་དང་བརྩེ་འདང་ཟབ་མོ་ཡོད། རྒྱུ་མཚན་དེའི་ཕྱིར། པཎ་ཆེན་སྐུ་ཕྲེང་བཅུ་བའི་མཛད་རྣམ་བརྙན་དེབ་རྩོམ་སྒྲིག་སྐབས། ངས་མཚན་བྱང་འདི་འོས་པའི་གནས་ལུགས་བརྒྱ་ཕྲག་བགྲང་ནས་མཚན་འདི་བཏགས། གཤམ་ལ་ངས་དེབ་དེ་ངོ་སྤྲོད་ཅིག་དང་ལྷན། ངའི་པཎ་ཆེན་སྣང་བ་མཐའ་ཡས་ཀྱིས་ས་ཆེན་འོད་དུ་སྤྲུགས་པའི་གསོལ་བ་སྙིང་ནས་འདེབས།
དེ་རིང་། ངས་པཎ་ཆེན་སྐུ་ཕྲེང་བཅུ་བའི་མཛད་རྣམ་བརྙན་དེབ་<<པཎ་ཆེན་སྣང་བ་མཐའ་ཡས་>>བསྐྱར་ཀློག་ཅིག་བྱས་པ་ཡིན། དེབ་འདིའི་རྩོམ་སྒྲིག་ཇུས་འགོད་ཀྱི་ཕྱིར་ཏུ་ངེད་ཚོ་ཡང་འཛོམས་བསྐྱར་འཛོམས་བྱས། འདྲ་པར་རེ་རེ་བཞིན་ཡིག་ཚགས་ལས་འཐུས། དྲ་ལམ་ནས་བཙལ། ཤུགས་ཚད་བསྣན། ལོ་ཚིགས་བགར། འགྲེལ་བཤད་བཙལ། འགྲེལ་བཤད་ཡིག་རྡོག་རེ་རེ་བཞིན་ཟུར་ཁ་ཡོད་པ། གོ་དོན་ཡོད་པ་ཞིག་ལ་གང་ནུས་ཅི་འཇོན་གྱིས་བརྙན་དེབ་སྤུས་དག་ཅིག་བསྒྲིགས་པ་ནི། ད་བསམས་ན། ཕྱིར་དྲན་ཡིན་པ་མ་ཟད། བསོད་ནམས་བསགས་པ་ཞིག་ལའང་སྙམ་པས་ཕལ་ཆེར་རྒྱ་མ་གང་ཡོད་པའི་དེབ་རྒན་འདི་ལག་ཏུ་བཟུང་ན་རང་བཞིན་གྱིས་དགའ་སྣང་ཞིག་ཡོང་གི་འདུག་པས། དེ་རིང་ངས་དེབ་འདི་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་པར་འདོད་སོང་།
དེབ་མིང་། པཎ་ཆེན་སྣང་བ་མཐའ་ཡས།
བརྗོད་བྱ། འདྲ་པར་གྱི་ལམ་ནས་པཎ་ཆེན་སྐུ་ཕྲེང་བཅུ་བའི་མཛད་རྣམ་མཚོན་པ།
ལེའུ་དང་ཤོག་གྲངས། ལེའུ་བདུན་དང་། ཤོག་ངོས། ༣༥༠
རྩོམ་སྒྲིག སྤྱི་ལོ་ ༢༠༡༥ ལོར་བདེན་རྒྱབ་རྩོམ་སྒྲིག་ཚོགས་ཆུང་གིས་རྩོམ་སྒྲིག་བྱས།
དེབ་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་སྐུ་ཚེ་གང་བོའི་མཛད་འཕྲིན་མཚོན་པ་དང་རྗེས་དྲན། དད་རྟེན་བཅས་པ་དམིགས་ཡུལ་དུ་བཟུང་ནས། དེ་སྔོན་གཞིས་བྱེས་གཉིས་ཀྱི་དེབ་རིགས་དང་དྲ་ལམ་དུ་ཐོན་པ་དང་། མི་སྒེར་གྱིས་ཉར་ཚགས་བྱས་པའི་སྐུ་པར་ལག་སོན་བྱུང་བ་མཐའ་དག་ལས་བསལ་འདེམས་ཀྱིས་ཁོང་གི་སྐུ་ཚེ་མཚོན་པའི་བརྙན་དེབ་ལེའུ་བདུན་གྱི་བདག་ཉིད་ཅན་ཞིག་དང་འགྲེལ་བཤད་ཆ་ཚང་དབྱིན་བོད་ཤན་སྦྱར་བྱས་ཡོད།
དེབ་འདིའི་ཤོག་ངོས་ཉེར་བདུན་བར་ཏུ་རྒྱབ་ལྗོངས་ཀྱི་ཚུལ་དུ། བོད་དང་སེ་འབྲས་དགེ་གསུམ། བཀྲ་ཤིས་ལྷུན་པོ་བྱེ་བྲག་པཎ་ཆེན་སྐུ་ཕྲེང་དགུ་བའི་སྐུ་པར་དག་རེ་རེ་བཞིན་ངོ་སྤྲོད་དང་བཅས་བསྒྲིགས་ཡོད།
ལེའུ་དང་པོ། གངས་རིའི་སིལ་གྱི་ཟླ་གཞོན། ཞེས་པར་པཎ་ཆེན་སྐུ་ཕྲེང་བཅུ་པ་སྤྱི་ལོ་ ༡༩༤༤ ལོའི་ཟླ་ ༠༤ ཚེས་ ༡༥ ཉིན་སྐུ་འབུམ་བྱམས་པ་གླིང་དུ་ཁྲི་འདོན་མཛད་སྐབས་ནས་ ༡༩༥༡ ལོར་སྐུ་འབུམ་དུ་དུས་འཁོར་དབང་ཆེན་བསྩལ་སྐབས། ༡༩༥༢ ལོའི་ཟླ་ ༦ ཚེས་ ༢༣ ཉིན་བཀྲ་ཤིས་ལྷུན་པོར་གསེར་ཁྲིར་མངའ་གསོལ་བར་གྱི་བརྙན་པར་ཤོག་ངོས་ཉི་ཤུ་ལྷག་ལ་འགྲེལ་བཤད་དང་བཅས་བཀོད་ཡོད།
ལེའུ་གཉིས་པ། ས་ཆེན་འོད་དུ་སྤྲུགས་པ། ཞེས་པར་སྤྱི་ལོ་ ༡༩༥༤ ལོར་རྒྱལ་མཆོག་ཡབ་སྲས་རྣམ་གཉིས་རྒྱ་ནག་ཏུ་ཕེབས་སྐབས་དང་། རྒྱལ་མཆོག་ཡབ་སྲས་རྣམ་གཉིས་སྤྱི་ལོ་ ༡༩༥༦ ལོར་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་རྗེས་དྲན་མཛད་སྒོར་ཕེབས་སྐབས། པཎ་ཆེན་རིན་པོ་ཆེ་སྤྱི་ལོ་ ༡༩༥༩ ལོར་བསྐྱར་ཏུ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དང་ཟི་ལིང་དུ་ཕེབས་སྐབས་བཅས་ཀྱི་འདྲ་པར་བཅས་ཤོག་ངོས་ལྔ་བཅུར་ཉེ་བ་ཡོད།
ལེའུ་གསུམ་པ། གདུག་རྩུབ་རྒོད་པའི་ལོ་ཟླ། ཞེས་པར་སྤྱི་ལོ་ ༡༩༦༠ ལོར་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་ལྷན་དུ་མཚོ་སྔོན་ས་ཁུལ་གྱི་མི་མང་གི་གནས་བབ་ལ་གཟིགས་ཞིབ་དང་། པེ་ཅིན་དུ་ཕེབས་ནས་མའོ་དང་ལྷན་དུ་བོད་ཀྱི་ཛ་དྲག་གནས་སྟངས་ཞུ་མོལ། སྤྱི་ལོ་ ༡༩༦༢ ལོའི་ཟླ་ ༥ ཚེས་ ༡༨ ཉིན་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་རྒྱ་ཡིག་ལ་བསྒྱུར་ཏེ་ནང་དོན་ཚོར་ཤུགས་ཆེན་པོས་ཞུས་ནས་ཀྲུའུ་ཨན་ལེ་སོགས་ཀྱི་ལྷན་དུ་རྒྱ་དཔོན་འགའ་ལ་ཁ་རྩོད་ཤོར་རབས་ནས་སྙན་ཞུ་འབུལ་སྐབས་དང་། ༡༩༦༤ ལོར་འཐབ་རྩོད་བྱེད་སྐབས་ཀྱི་མི་དག་ཁྲོད་འབྲེལ་ཡོད་ཡིག་ཆ་ལས་བྱུང་བ་ལྟར་ན་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། སེང་ཆེན་བློ་བཟང་རྒྱལ་མཚན། བསམ་སྡིངས་རྡོ་རྗེ་ཕག་མོ། རྩེ་མགྲོན་རྒྱལ་མཚན་ཕུན་ཚོགས། ལྷ་སྨོན་བསོད་ནམས་ལྷུན་འགྲུབ། ཕྲན་རྩ་རྟ་མགྲིན་རྒྱལ་བོ། རྒྱ་མཚོ་གླིང་ཐུབ་བསྟན་སྐལ་བཟང་། སྤོམ་མདའ་སྟོབས་རྒྱས། དགོན་སར་ཐུབ་བསྟན་འཇིགས་བྲལ་སོགས་ཡོད་པ་དམར་རྗེན་དུ་འགྲེལ། ལྷ་སར་རིག་གནས་གསར་བརྗེའི་ལངས་སྐབས་ཀྱི་ཆགས་འཇིག་གི་རྣམ་པ་བཅས་ཤོག་ངོས་ཉི་ཤུ་ལྷག་ཡོད།
ལེའུ་བཞི་པ། མུན་ལྗོངས་ཀྱི་ཡོལ་རས་བརྟོལ་བ། ཞེས་པར། སྤྱི་ལོ་ ༡༩༧༧ ལོའི་ཟླ་ ༡༠ ཚེས་ ༡༠ ཉིན་བཙོན་གྲོལ་ཐོབ་ཀྱང་རང་ཡུལ་དུ་འགྲོ་བསྐྱོད་བཀག་སྡོམ་སྐབས་གསང་ཡུམ་བཞེས་པར་ཡབ་ཡུམ་ཡོངས་འཛིན་དང་བཅས་པས་བཀག་ཀྱང་སྐབས་དེར་བོད་མི་རིགས་ཆག་འཇིག་གི་སོ་ཁ་ལས་དབུགས་ལེན་དང་ཆོས་རིག་དར་སྤེལ་གྱི་ལྡེ་མིག་ཏུ་ངེས་པ་རྙེད་ནས་ཤར་ཕྱོགས་མེ་ཏོག་ཏུ་གྲགས་པའི་མཛེས་མ་པཎ་ཆེན་དབང་མོར་འཁྲུངས་ས་བསྐྱོན་པ། པེ་ཅིན་གཙོས་རྒྱ་ནག་ནང་ཁུལ་དང་ཨོ་སི་ཀྲི་ལེ་ཡ། བལ་ཡུལ་བཅས་སུ་ཚོགས་འདུ་དབུ་བཞུགས་དང་། མི་སྣ་མཇལ་འཕྲད། ལས་དོན་སྒོ་དབྱེད་བཅས་ཀྱི་མཛད་འཕྲིན་བསྐྱངས་སྐོར་ཤོག་ངོས་དྲུག་ཅུ་ལྷག་ཡོད།
ལེའུ་ལྔ་པ། གསེར་གྱི་རྨུ་ཐག་བསྒྲིམས་པ། ཞེས་པར། བཙན་བྱོལ་ནང་གི་རྒྱལ་བའི་སྐུ་ཚབ་སྔ་ཕྱི་ཁག་དང་མཇལ་འཕྲད་བྱུང་སྐོར་ཀྱི་པར་རིས་ཤོག་ངོས་བཅུ་ལྷག་ཡོད།
ལེའུ་དྲུག་པ། བོད་ཁམས་ཞབས་ཀྱིས་བཅགས་པ། ཞེས་པར། སྤྱི་ལོ་ ༡༩༨༠ ལོའི་ཟླ་ ༧ ཚེས་ ༩ ཉིན་ཏིན་ཞོ་ཕིན་དང་བཀའ་བསྡུར་གནང་ནས་བོད་ཁུལ་དུ་འཚམས་གཟིགས་སུ་ཕེབས་མགོ་བཙུགས་པ་ནས་བོད་ཡུལ་ཆོལ་ཁ་གསུམ་གྱི་ས་ཁུལ་རིལ་བོར་སྐུ་དངོས་ཀྱིས་འཚམས་གཟིགས་གནང་ཞིང་། ཆོས་སྒོ་ཕྱེ་བ། སློབ་གྲྭ་འཛུགས་པ། མིའི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྐད་ཡིག ཆོས་རིག་དང་བཅས་པ་དར་སྤེལ་གྱི་མཛད་འཕྲིན་བསྐྱངས་པའི་སྐོར་ཤོག་ངོས་བརྒྱ་དང་ཉི་ཤུ་ཡོད།
ལེའུ་བདུན་པ། རྟག་བརྟན་འོད་དུ་ཡལ་བ། ཞེས་པར། སྤྱི་ལོ་ ༡༩༨༩ ལོའི་ཟླ་ ༡ ཚེས ༢༨ ཉིན་གྱི་ཞོགས་པ་ཆུ་ཚོད་བཞི་པ་ཙམ་ལ་གཞིས་རྩེ་བདེ་ཆེན་ཕོ་བྲང་དུ་གློ་བུར་དགོངས་པ་ཆོས་དབྱིངས་བསྡུ་བཅུག་པ་ནས་མྱ་ངན་མཛད་སྒོ་སྤེལ་ལུགས་དང་། རྗེས་དྲན་གྱི་རིམ་པ། ཡང་སྲིད་ངོས་འཛིན་གྱི་སྐོར། བྱེས་སུ་རྗེས་དྲན་མཛད་སྒོ་སྤེལ་ལུགས། ཡབ་ཡུམ་གཉིས་ཡུན་རིང་བཞུགས་ནས་རིམ་བཞིན་ཞིང་དུ་མ་ཕེབས་པའི་བར་དུ་པཎ་ཆེན་རིན་པོ་ཆེའི་བཞེངས་ཕྱོགས་རྟག་བརྟན་དང་མཛད་འཕྲོ་རྒྱུན་སྐྱོང་གི་མཛད་བཟང་མ་དོར་བའི་སྐོར་དང་། སྲས་མོ་རིག་འཛིན་དབང་མོ་རྒྱ་གཞུང་གིས་ཕྱིར་འབོད་འགུག་བྱས་རྗེས་ཡབ་གཞིས་སུ་ཕེབས་སྐོར། ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཕྱག་བྲིས་ཕྱག་བསྟར་མ་འགའ་བཅས་ཤོག་ངོས་ཉི་ཤུ་ཡོད། མཇུག་ཏུ་པཎ་ཆེན་རིན་པོ་ཆེའི་གལ་ཆེའི་མཛད་བསྡུས་ལོ་ཚིགས་སུ་བསྒྲིགས་པ་བཅས་ཀྱིས་དེབ་འདི་གྲུབ་པར་བྱས་ཡོད།
ད་ལྟ་དེབ་འདི་ལ་ཕྱིར་ལྟ་ཞིག་བྱས་ན། མི་སྒེར་དང་ཁྱིམ་ཚང་གི་དད་རྟེན་དང་ཞིབ་འཇུག་གི་དཔྱད་གཞི་རྩ་ཆེ་བ་ཞིག་ལ་གྱུར་ཡོད་པར་སྙམ་ལ། པཎ་ཆེན་རིན་པོ་ཆེའི་མཛད་རྣམ་བདེན་པའི་རང་མདངས་གསལ་བའི་མེ་ལོང་དང་། ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་བཀླགས་པ་སྔོན་སོང་གིས། དེབ་འདིར་གཟིགས་ན་པཎ་ཆེན་རིན་པོ་ཆེའི་ཐུན་མོང་སྣང་ཚུལ་གྱི་མཛད་འཕྲིན་ལ་རོལ་མྱོང་ཐུབ་པ་མ་ཟད་གསང་དབང་གི་སྐུ་ངལ་ལའང་ཚོད་མྱོང་ཅུང་ཟད་བྱེད་ཐུབ་པར་འདོད།
སྤྱི་ལོ་ ༢༠༢༠ ཟླ་ ༠༤ ཚེས་ ༢༥ ཉིན།
རྟག་བརྟན་འོད་དུ་ཡལ་བ། ཚིག་འདིའི་དོན་ཅི་ཡིན། རྟག་བརྟན་ཡིན་ན་འོད་དུ་ཇི་ལྟར་ཡལ།
པཎ་ཆེན་སྣང་བ་མཐའ་ཡས་ཞེས་པའི་མཛད་རྣམ་དེ་བཙན་བྱོལ་ནང་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཞིབ་འཇུག་ཚད་མཐོ་ཤོས་རེད་འདུག ལེགས་གསོ་ཡོད།
རྩོམ་འདི་ཡག དེབ་དེ་ལེགས། ཚང་མར་ཐུགས་རྗེ་ཆེ་ཞུ།
པཎ་ཆེན་འོད་སྤྲུལ་མཛད་འཕྲིན་གླིང་འདིར་གྲགས།
པཎ་ཆེན་འོད་སྤྲུལ་ཡིག་འབྲུ་ཁྲི་བདུན་གྲགས།
པན་ཆེན་འོོད་སྤྲུལ་རྒྱལ་ཁབ་མི་རིགས་དོན།
པཎ་ཆེན་འོད་སྤྲུལ་རྒྱ་ཡིས་ལག་ཏུ་དགོང་པ་རྫོགས།
གོང་མའི་མཆོག་སྤྲུལ་རྒྱ་མིའི་བཙན་འཁྲིད་བྱས།
རྒྱ་མིའི་པཎ་ཆེན་འཛམ་གླིང་མགོོ་སྐོར་འོག།
འཛམ་གླིང་ཧྲིལ་པོ་རྒྱ་ཡིས་བསླུས་པ་འདྲ།
ཨོྃ་ཨ་མི་རྡེ་ཝ་ཧྲི་་་་་་་་་་་་་་་་་་་་་་་་་་་ཨོྃ་ཨ་མི་རྡ་ཝ་ཧྲི་་་་་་་་་་་་་་ཧྲི།
དེ་ཡང་བདེན་དེ། པཎ་ཆེན་སྣང་བ་མཐའ་ཡས་ཞེས་པའི་དེབ་དེ་དེ་སྔོན་ཐེངས་གཅིག་བཀླགས་མྱོང་། ཞིབ་འཇུག་གི་གནས་ཚད་མཐོ་པོ་གདའ། རྩོམ་སྒྲིག་ཚོགས་ཆུང་དེ་ལ་མཐེ་བོང་བསྒྲེངས་ནས་གུས་ཕྱག་འཚལ། དེང་སང་དེབ་དེ་རག་དཀོན་པ་འདྲ།
ཆོས་སྐུ་ཀུན་ཏུ་བཟང་པོ་འོད་དཔག་མེད།
ལུང་སྐུ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས།
སྤྲུལ་སྐུ་པདྨ་འབྱུང་གནས།
ཆོས་ལུང་སྤྲུལ་གསུམ་སྐུ་ལ་གསོལ་བ་འདེབས།
ཕྱི་ནང་གསང་བའི་བར་ཆད་ཞི་བ་དང།
ཀོ་ཝིད་༡༩་ཏོག་དབྱིིིིིིིིིིིབས་ནད་ཡམས་འདི།
འཛམ་གླིང་འདི་ནས་འཇའ་ལྟར་ཡལ་བ་ཤོག།
ཨོྃ་ཨ་མི་རྡེ་ཝ་ཧྲི།། ཨོྃ་མ་ཎི་པདྨེ་ཧུྃ། ཨོྃ་ཨ་ཧུྃ་སྦ་རྫ་མགུ་རུ་པདྨ་སཱི་རྡི་ཧུྃ།