དེ་རིང་ངེད་ཀྱི་ལག་སྣེ་ན་ སྲིད་བློན་ཀླུ་ཁང་པའི་ ༼༡༨༩༧-༡༩༦༦༽ལོ་རྒྱུས་ཤིག་འདུག བམ་ཀློག་ཅིག་བྱས་པ་ཡིན། བསམ་བློ་ཞིག་བཏང་། ཁོང་ནི་ཉེ་རབས་ཀྱི་བོད་ཀྱི་དབུ་འཁྲིད་ཚོའི་ཁྲོད་ནས་ང་རང་ཧ་ཅང་དགའ་ས་ཞིག་ཡིན། ང་རང་དགའ་དགོས་པའི་རྒྱུ་མཚན་མཐར་གཏུགས་ན། “ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་”ལ་ཐུག་འདུག དེར་སྲིད་བློན་འདིས་འཇིགས་ཞུམ་སྤངས་ཤིང་རང་སྲོག་བློས་གཏོང་གིས་རྒྱ་རྒོལ་གྱི་མཛད་པ་བསྐྱངས་རབས་གསལ་འདུག ངས་སྲིད་བློན་འདིའི་སྐོར་གྱི་རྣམ་ཐར་གཞན་དག་ཀློག་མ་མྱོང་། ངས་ཞིབ་ཆ་དོད་པོ་ཞིག་ཀྱང་མི་ཤེས། ངའི་ལག་ན་ཡོད་པའི་དེབ་ཆུང་དེ་ན། ཁོང་ལོ་ན་གཞོན་དུས་ནས་གཞུང་ཞབས་མཛད་ཅིང་། བཀའ་བློན་བླ་མ་བྱམས་པ་བསྟན་དར་གྱིས་མདོ་སྤྱི་བྱས་པའི་སྐབས་ནས་ལས་བྱར་བཅར་བའི་ལོ་རྒྱུས་འཁོད་འདུག ༡༩༤༩ དང་ ༡༩༥༠ ལོ་ཡས་མས་སུ་སྲིད་ཚབ་གཉིས་ཞེས་གྲགས་ཆེ་བའི་གྲས་ལ་སླེབས།
ངའི་མཐོང་རྒྱས་བཀག་པ་ཡིན་ནམ་གང་ལྟར་སྲིད་བློན་འདིའི་མཚན་རིམ་གྱིས་ཡལ་བར་གྱུར། དེ་རིང་གློ་བུར་དུ་ ཁོང་ ༡༩༦༦ ལོར་ལྡི་ལི་རུ་གྲོངས་པ་རེད་ཅེས་པ་འདི་མཐོང་ནས་ ཁོང་ཡང་བཙན་བྱོལ་ནས་གྲོངས་པ་རེད་སྙམ་ནས་ཁོང་གི་ཚེ་མཇུག་ལོ་རྒྱུས་དེ་ཤེས་འདོད་སྐྱེས། ཁོང་ ༡༩༥༦ ལོར་རྒྱ་གར་དུ་ཕེབས་ནས་བཀའ་སྦུག་ཏུ་བཞུགས་པ་དང་། དེ་ནས་ ༡༩༦༠ ལོར་ རྡ་རམ་ས་ལར་ཕེབས་ནས་གངས་སྐྱིད་དུ་བཞུགས་པ་དང་། མཐར་ལྡི་ལི་ནས་གྲོངས་འདུག
༡༩༥༩ ལོར་སྲིད་བློན་ཀླུ་ཁང་པ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མགྲོན་ཁང་ཞིག་ཏུ་བསྡད་ནས་ རྒྱ་གར་དཔོན་རིགས་ལ་བོད་ཀྱི་རོགས་མགོན་ཞུ་བཞིན་པའི་སྐབས་ཤིག་ལ། ཁོང་ལ་ ༧གོང་ས་མཆོག་སྟོན་འཁོར་རྒྱ་གར་དུ་བདེ་ཕེབས་ཟིན་པ་དང་། རྒྱ་གར་གཞུང་གིས་སྣེ་ལེན་ཕེབས་བསུ་ཞུ་བཞིན་ཡོད་ཅེས་པའི་གནས་ཚུལ་ཕུལ་སྐབས་དེར། ཁོང་གིས་ཞལ་འདོན་གནང་བཞིན་པ་ལ། “ཕྱག་དཔེ་ཕྱག་ཏུ་བསྣམས། ཡར་བཞེངས་ཏེ། མཆོད་ཤིག བཀྲ་ཤིས་བདེ་ལེགས། ཞེས་གསུང་ཤུགས་ཆེན་པོར་གསུངས་ཏེ། བསྐོར་བ་ཁ་ཤས་བསྐྱོན་སོང་།”ཞེས་བཀོད་འདུག
ཨོ་ཡ། དགེ་རབ་ལགས། སྲིད་བློན་ཀླུ་ཁང་བ་དང་། བློ་བཟང་བཀྲ་ཤིས་གཉིས་ནི། བོད་ཀྱི་མཐོ་རིམ་མི་སྣའི་ཁྲོད་ང་རང་ཆེས་གུས་བཀུར་དང་། བསྔགས་བརྗོད་བྱ་སའི་མི་སྣ་གཉིས་ཡིན། ཕྱི་མ་འདི་ཕལ་ཆེར་༥༩ལོར་བོད་མི་མང་ཡར་ལངས་སྐབས་ཀྱི་དབུ་ཁྲིད་གཙོ་བོའི་གྲས་ཤིག་ཡིན་པར་སྙམ། ང་སྔོན་མ་རྒྱ་གར་ན་དགེ་རྒན་འདྲ་ཞིག་བྱེད་སྐབས། ལོ་རྒྱུས་འཁྲིད་སྐབས་དམ་པ་དེ་གཉིས་ཀྱི་སྐོར་ཡང་ཡང་ལབ་གླེང་བྱས་མྱོང་། ཡིད་ཕངས་པ་ཞིག་ལ། དུས་ཟིང་རྗེས་ཀྱི་སྤྱི་སྒེར་གྱི་ལོ་རྒྱུས་ཕལ་ཆེར་ཞིག་ཏུ་ཁོང་གཉིས་ཀྱི་ལོ་རྒྱུས་བཀོད་པ་མང་བོ་མཐོང་མ་མྱོང་།
ང་ཚོས་མི་སྣ་འདི་འདྲའི་གྲས་ལ་རྗེས་དྲན་བསྔགས་བརྗོད་དང་། བགྲོ་གླེང་ངེས་པར་དུ་བྱ་དགོས་ངེས་ཤིག་རེད།
གླེང་རིན་ཡོད་པ་ཞིག་འདིར་བཀོད་པ་ཤིན་ཏུ་ལེགས། ཐུགས་རྗེ་ཆེ།
༸རྒྱལ་བ་རིན་པོ་ཆེའི་རང་རྣམ་《བཙན་བྱོལ་ནང་གི་རང་དབང་》ཞེས་པ་དེའི་ནང་དུ། ༸རྒྱལ་བ་རིན་པོ་ཆེ་སངས་རྒྱས་མྱ་ངན་ལས་འདས་ཏེ་ལོ་ ༢༥༠༠ འཁོར་བའི་དུས་ཆེན་དུ་རྒྱ་གར་ལ་ཆིབས་སྒྱུར་གནང་རྗེས། ང་ཕོད་སོགས་ཀྱིས་བོད་ལ་ཕྱིར་ཕེབས་དགོས་པ་དང་། ཀླུ་ཁང་པ་དང་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་སོགས་ཀྱིས་རྒྱ་གར་རམ་ཕྱི་རྒྱལ་དུ་སྐྱབས་བཅོལ་ལ་ཕེབས་དགོས་པའི་སྐོར་ཞུས་འདུག མཐའ་མ་ལྷ་ཕབ་སྟེ་ལུང་བསྟན་གནང་རོགས་ཞུས་འདུག ལྷས་བོད་ལ་ཕྱིར་ཕེབས་གནང་ན་ལེགས་པའི་ལུང་གནང་འདུག ཀླུ་ཁང་པས་ལྷ་དེ་ག་རང་གི་མདུན་དུ། མི་འུ་ཐུག་ན་ལྷ་ལ་དྲིས། ལྷ་འུ་ཐུག་དུས་སྐྱག་རྫུན་བཤད་ཅེས་༸གོང་ས་མཆོག་ལ་ཁ་རི་ཁ་ཐུག་ཏུ་ཞུས་འདུག
ཀླུ་ཁང་པ་ངའི་མེས་པོ་ཚོ་དང་ཞལ་འདྲིས་ཅན་ཞིག་རེད། ཁོང་མི་ཁ་རི་ཁ་ཐུག་རེད། སྔོན་མ་གཞུང་གི་ལས་སྣེ་ཚོར་དོན་དག་ཞུ་བར་བཅར་སྐབས། མི་ཚོས་མར་དང་ཇ། རྩ་ཆེའི་དངོས་རྫས་སོགས་འབུལ་ཚན་དུ་འབུལ་གྱི་ཡོད། དེང་སྐབས་ཀྱི་ལྟ་སྟངས་ལྟར་བྱས་ན། དེ་ནི་མིང་ལ་འབུལ་ཚན་ཟེར་བ་མ་གཏོགས་དོན་དུ་ལྐོག་རྔན་རེད། ལྐོག་ཟ་རུལ་སུངས་རེད། ཀླུ་ཁང་པས་འབུལ་མཚན་ལེན་སྲོལ་རྩ་བ་ནས་མེད། ཁོང་གིས་ཁ་བཏགས་མ་གཏོགས་གཞན་འབུལ་ཚན་རྩ་བ་ནས་བཞེས་ཀི་མེད་སྟབས། ཀླུ་ཁང་་པའི་གཟིམ་ཤག་གི་རྒྱུ་དངོས་པོའི་སྟོབས་ཤུགས་ལྷ་སའི་ནང་གི་སྐུ་དྲག་ཁྲོད་ནས་སྐྱོ་ཤོས་རེད། ཐ་ན་ཐེངས་ཤིག་གཞུང་ཞབས་ཀྱི་ལོ་འཁོར་ཐུགས་སྤྲོ་བཤམས་རེས་ཀླུ་ཁང་པར་འཁོར་སྐབས། ཁོང་གིས་གོ་སྒྲིག་མ་ཐུབ་པར་བརྟེན། ཟུར་ཁང་གིས་རོགས་པ་བྱས་པ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བྲིས་པའི་ཟུར་ཁང་གི་ལོ་རྒྱུས་མདོར་བསྡུས་དེར་གསལ་འདུག
ཀླུ་ཁང་པའི་ཞལ་ནས་རྟག་པར་གཏམ་དཔེ་ཞིག་སྐྱོར་གྱི་ཡོད་པ་འདྲ། ངས་ཏག་ཏག་དྲན་སོས་མ་སོང་། ཕལ་ཆེར། གཏམ་ངན་ངོ་སྲུང་དཔོན་གྱི་དགྲ་ ལྟ་བུ་ཞིག་ཡིན་ས་ཡོད། གཞན་གྱིས་ངོ་སྲུང་སྟེ་སྤྱི་དོན་ཆེད་བཤད་དགོས་སར་བཤད་མ་ཐུབ་པ་དང་། བྱེད་དགོས་པ་རྣམས་བྱེད་མ་ཐུབ་ན། དེ་དངོས་གནས་དཔོན་གྱི་དགྲ་རེད་ཟེར་བ་འདྲ། ཀླུ་ཁང་པའི་སྐོར་ལ་རྒྱ་ནག་གཞུང་གི་ཡིག་ཆ་དེ་ཚོའི་ནང་ལྡོག་ཕྱོགས་ནས་མང་པོ་ཞིག་བྲིས་འདུག ཨ་ལོ་པུའུ་ཀྲང་གི་ཉིན་ཐོའི་ནང་དུའང་ཏོག་ཙམ་འདུག
ད་རེས་དེ་ཙམ་ཡིན། དྲན་སོས་ན་མུ་མཐུད་བྲིས་ཆོག
ཨོ། ཁྱེད་ཀྱིས་གསུངས་པའི་ཀླུ་ཁང་པའི་ལོ་རྒྱུས་དེབ་ཆུང་དེའི་མིང་ཅི་རེད། སུས་པར་སྐྲུན་བྱས་པ་རེད། ངས་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་བའི་སྲིད་བློན་ཀླུ་ཁང་པའི་ལོ་རྒྱུས་མདོར་བཤུས་ཤིག་དང་། ཤེས་རིག་ལས་ཁུངས་ཀྱིས་རི་མོ་དང་མཉམ་དུ་དཔར་བའི་ཀླུ་ཁང་པའི་ལོ་རྒྱུས་མདོར་བསྡུས་ཤིག་བཅས་གཉིས་མཐོང་མྱོང་། ཨོ་ད་དུང་དཔལ་འབྱོར་པར་སྐྲུན་ཁང་གིས་དཔར་བ་དེ་འདྲ་ཡང་ཡོད་སྲིད།
སྲིད་བློན་ཁོང་གི་སྐོར་ལ་དེ་སྔོན་གྲང་དམག་ཁྲོད་ཀྱི་ད་ཕྲུག་ཞེས་པའི་དབྱིན་ཇིའི་དཔེ་དེབ་སྐབས་དེ་དུས་ཀྱི་ཨ་རིའི་གསང་བའི་ལས་ཁུངས་ཀྱི་མི་ཞིག་གི་བྲིས་པ་གཅིག་ཡོད་པ་དེའི་ནང་ཁ་གསལ་ཙམ་ཡོད་མོད། ད་ལྟ་ངས་ནང་དོན་ཇི་བཞིན་དུ་མ་དྲན་པས་བཤད་ཚོད་མ་སྤོབས་ཀྱང་ཁ་ཚ་དགོས་གཏུགས་ཡིན་ན་རྗེས་ལ་ཞུས་ཆོག་པ་གཅིག སྲིད་བློན་ཁོང་ནི་དེང་དུས་ཀྱི་བོད་ཀྱི་གཞུང་ཞབས་པ་དང་འཛིན་སྐྱོང་བ་རྣམས་ཀྱི་སློབ་སྦྱོང་བྱེད་དགོས་ས་ཞིག་ཡིན། ཁོང་གི་ཆོད་སེམས་དང་དམ་བཅའ། འགྱུར་བ་མེད་པའི་སྙིང་སྟོབས་སོགས།
ཁོང་གི་སྐོར་དམིགས་བསལ་བ་དེ་འདྲ་ཡོད་ན་དྲ་ཐོག་ཏུ་འཇོག་རོགས། ཁོང་གི་ལོ་རྒྱུས་གོང་གསལ་ཁག་མཛད་རྣམ་རིན་པོ་ཆེ་དང་། རང་གཞུང་ཤེས་རིག་པར་ཁང་ནས་བསྐྲུན་པའི་པར་རིས་དཔེ་དེབ་དང་། དེ་མིན་ལོ་རྒྱུས་ཐོར་རེ་བ་འགའ་རེ་ལས་ཅུང་ཟད་ཤེས་རྟོགས་བྱུང།
ང་ཚོ་ཁ་བརྡའི་མཆན་བུ་བ་ཤེས་ཡོན་ཅན་ཚོ་དེང་དུས་བག་ལེབ་ལ་དབུ་འཁོར་བཞིན་ང་ཚོས་ཀློག་ཤེས་ལ་དོན་མི་ཤེས་པའི་འདྲེ་སྐད་རྒྱག་གིན་སྡད་འདུག་པ་དེ་ཚོ། འདིར་ཕེབས་ནས་བགྲོ་གླེང་འདྲ་གནང་ན་སྐྱིད་པ་ལ།
ང་ཡང་སྲིད་བློན་ཀླུ་ཁང་བ་ལ་དགའ་ཞེན་ཆེན་པོ་ཡོད་ཅིང་། སྔོན་ཆད་རྡ་སའི་བོད་ཀྱི་དཔེ་མཛོད་ཁང་དུ་༼སྲིད་བློན་ཀླུ་ཁང་བའི་སྐུ་ཚེའི་མཛད་རྗེས་སྙིང་བསྡུས་༽ཞེས་པ་ལ་ལྟ་ཀློག་ཐེངས་ཤིག་བྱས་མྱོང་། སྲིད་བློན་ཀླུ་ཁང་བ་ནི་བདེན་དོན་ངོ་མ་རྣམས་ཞུམ་མེད་དུ་བརྗོད་ཕོད་པའི་བོད་ཀྱི་མཐོ་རིམ་མི་སྣ་རྩེ་གྲས་ཤིག་རེད། ལངས་ཕྱོགས་བརྟན་ཞིང་བདེན་དོན་ཇི་བཞིན་སྐྱོང་མཁན་གྱི་སྲིད་བློན་ཀླུ་ཁང་བ་ལྟ་བུ་འགའ་ཞིག་ཡོད་ཚེ། དུས་སྐབས་དེར་རྒྱ་གཞུང་གིས་བོད་དབུས་ལྷ་ས་རུ་གོ་སྐབས་སྟབས་བདེ་དེ་འདྲ་ཞིག་ལས་སླ་པོར་རྙེད་མི་ཡོང་བསམ། འོན་ཀྱང་མ་བསམ་ས་ཞིག་ནས། བོད་གཞུང་བཀའ་ཤག་གིས་རྒྱ་གཞུང་གི་རེ་འདོད་བཞིན་དུ་སྲིད་བློན་ཀླུ་ཁང་བ་དང་། སྲིད་ཚབ་བློ་བཟང་བཀྲ་ཤིས་གཉིས་བཙན་གྱིས་ལས་འཁུར་དགོངས་ཞུ་བྱེད་དུ་བཅུག་ཡོད། དུས་དེ་ནས་སྲིད་བློན་དམ་པ་དེ་ཉིད་བོད་དང་ཞལ་གྱེས་ཏེ་རྒྱ་གར་དུ་ཕེབས་དགོས་བྱུང་འདུག་ལ། དེ་འབྲེལ་སྲིད་བློན་དམ་པ་དེའི་མཚན་ཡང་བོད་ཀྱི་ལོ་རྒྱུས་ཀྱི་སྒྲོམ་བུ་ནས་རིམ་གྱིས་རང་ཡལ་བྱུང་འདུག རྗེས་སོར་སྲིད་ཚབ་བློ་བཟང་བཀྲ་ཤིས་ནི་རྒྱ་གཞུང་གིས་བཙོན་འཇུག་འོག་སྐུ་གྲོངས་སྐད། བསམ་དགོས་ས་ཞིག་ལ། ༼ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་༽ནང་དུ། “རྒྱ་མི་དང་། ཀླུ་ཁང་པ་མཐའ་མའི་གླེང་རྩོད་ཡོང་ས་ནི་བོད་ཀྱི་དཀའ་ངལ་སྐོར་མ་ཡིན་པ་ཞིག་ཐོག་བྱུང་འདུག་”ཅེས་གསུངས་འདུག་པ་དེ་ཡིན་པས་དཔྱོད་པར་ཞུ།
ལར་སྲིད་བློན་ཀླུ་ཁང་བ་ཚེ་དབང་རང་བརྟན་དང་། མདོ་སྤྱི་ལྷ་ཀླུ་ཚེ་དབང་རྡོ་རྗེ་གཉིས་ཀྱི་མིང་དང་། ཁོང་གཉིས་གང་ཟག་གཅིག་ཏུ་འཁྲུལ་འདུག་པའི་དཔེ་དེབ་ཀྱང་མཐོང་མྱོང་ན་ཡང་། དཔེ་དེབ་དེ་གང་ཡིན་ད་ལྟ་དྲན་ཡུལ་ན་མི་འདུག དེ་ལྟའི་འཁྲུལ་ནོར་ཡོང་གཞི་ནི་ཁོང་གཉིས་ཀྱི་རུས་མིང་དང་། དངོས་མིང་། དུས་སྐབས། ཁོང་གཉིས་ཀ་ཆབ་མདོར་ལས་བྱར་བཅར་མྱོང་བ་བཅས་ཀྱི་འདྲ་ཆོས་ཅུང་ཙམ་རེ་སྣང་བས་རེད་བསམ།
ནོར་བཅོས།
སྲིད་བློན་ཀླུ་ཁང་བ་ཚེ་དབང་རང་བརྟན་་་་་་་་་་ཚེ་དབང་རབ་བརྟན་དུ་བཅོས་བསྒྱུར་ཡོང་བ་ཞུ།
ངེད་ཀྱིས་མཐོང་བའི་དེབ་ཆུང་དེ་ནི་ དཔེ་མཛོད་ཁང་གིས་ པར་སྐྲུན་བྱས་པ་དེ་རང་ཡིན། དེབ་དེ་ཀླུ་ཁང་པ་རང་གི་སྲས་ཀྱིས་བརྩམས་འདུག
ངས་ཉམས་ཞིབ་བྱས་པ་ལྟར་ན།
༡༽ ཀླུ་ཁང་པ་མི་ཁ་རི་ཁ་ཐུག ངོ་ལྐོག་རྒྱབ་མདུན་མི་ཤེས་མཁན་ཞིག་རེད་མ་གཏོགས་ཆབ་སྲིད་ཐད་མཁས་པ་དེ་འདྲ་རེད་མི་འདུག
༢༽ སྲིད་ཚབ་བློ་བཟང་བཀྲ་ཤིས་ནི། ཆབ་སྲིད་ཐོག་ཀླུ་ཁང་པ་ལས་ཧ་ཅང་མཁས་པ་ཡོད་འདུག མདོར་ན་སྲིད་ཚབ་བློ་བཟང་བཀྲ་ཤིས་ཀྱིས་བྱུས་འགོད་དང་ཀླུ་ཁང་པས་མདུན་དུ་ཐོན་གྱི་ཡོད་འདུག
༣༽ ཀླུ་ཁང་པ་བཀའ་ཤག་གིས་རྒྱ་ནག་གི་གནོན་ཤུགས་མ་བཟོད་པར་གནས་ནས་དབྱུང་བར་གསུངས་པ་དེ། བཟང་བཟང་བླ་མ་དང་ངན་ངན་མང་ཚོགས་ཞེས་པའི་ལྟ་སྟངས་དེའི་འོག་ནས་བཤད་པའི་བཀའ་མོལ་རེད། དོན་དུ་སྲིད་ཚབ་གཉིས་བཀའ་ཤག་གི་སྒང་ལ་ཡོད་པ་རེད། སྲིད་ཚབ་གཉིས་གནས་ནས་མ་དབྱུང་བར་བཀའ་ཤག་གི་དབང་ཆ་༼༸གོང་ས་སྐུ་ཕྲེང་ ༡༣ པ་ནས་བཟུང་བཀའ་ཤག་ལ་དབང་ཆ་ཞེ་དྲག་མེད་༽སླར་གསོ་ཐུབ་མེད། རྒྱ་ནག་གི་གནོན་ཤུགས་མ་ཐེག་པར་སྲིད་ཚབ་ཀླུ་ཁང་པ་དང་བློ་བཟང་བཀྲ་ཤིས་གཉིས་གནས་དབྱུང་གནང་མཁན་དེ། ༸གོང་ས་མཆོག་རེད། དེ་གང་གི་རང་རྣམ་ནང་དུ་གསལ་པོ་འཁོད་ཡོད་པ་རེད། སྲིད་ཚབ་གཉིས་གནས་དབྱུང་བཏང་བ་དེས་བོད་དོན་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད།