ཆང་སྐྱེས།
མཐོན་མཐིང་ཨ་སྔོན་དགུང་གི་སྤྲིན་དཀར་གྱི་མགྲོན་པོ།།
ཕ་ཡུལ་ཨ་མདོ་ཆབ་ཆའི་གྲོང་ཁྱེར་ལ་འགྲོ་ན།།
ཁོ་བོའི་གངས་དཀར་སེམས་ཀྱི་གཞི་ཁྱིམ་ན་བཞུགས་པའི།།
ཆུང་འདྲིས་སྙིང་གི་མཛའ་མོར་འཚམས་འདྲི་ཞིག་བྱེད་རོཊ།།
ཚེ་སྔོན་ལས་ཀྱིས་གྲུབ་པའི་གོ་སྒྲིག་གི་བར་ནས།།
ང་དང་ཁོ་མོ་ཆབ་ཆའི་གྲོང་ཁྱེར་ན་ཐུག་བྱུང་།།
འཛུམ་ལན་འཛུམ་གྱིས་བསུ་བའི་འཆར་ཡན་གྱི་ཀློང་ནས།།
སྣང་བ་ཆང་གིས་མྱོས་པའི་དགའ་སྤྲོ་ཞིག་སྐྱེས་སོང་།།
སྙན་མོ་ཚིག་གིས་ཁ་ཡག་ངོ་དགའ་ནི་མ་བྱས།།
བརྒྱ་ཤོག་བརྩེགས་མ་བྱིན་ཏེ་བསླུ་བྲིད་ཀྱང་མ་གནང་།།
ལག་པ་ལག་པས་འཇུས་པའི་སྤྲོ་འཆམ་གྱི་བར་ནས།།
སེམས་པ་གཅིག་ཏུ་མཐུན་པའི་གོ་བ་དེ་མ་རྙེད།།
སྟོབས་དང་རྫིག་ཉམས་བསྟན་ཏེ་མགོ་སྐོར་ཡང་མ་བཏང་།།
རྔ་མ་མཆན་ལ་བཙིར་ཏེ་སྤྲེལ་ལད་ཀྱང་མ་འཁྲབ།།
བརྩེ་བ་གཅིག་ཏུ་བརྩེགས་པའི་ཉིན་ཞག་གི་བར་ནས།།
དུངས་བ་ཟབ་ཏུ་སོང་སྟེ་སྙིང་ག་རུ་སིམས་སོང་།།
ན་ནིང་ངེད་གཉིས་ཐུག་སའི་ཇ་ཁང་དེའི་ནང་ན།།
མཛའ་གཞས་སྙན་མོ་ཞིག་གི་འགྱུར་ཁུག་ཅིག་འཁྱིལ་འདུག།
ཁ་སང་ཁ་ཁར་གྱེས་སའི་ལམ་འགྲམ་གྱི་རྒྱུད་ན།།
རྩྭ་སྐྱ་འཇག་མས་སྐྱོ་གླུ་ཤུགས་ཤུགས་ཀྱིས་བླངས་སོང་།།
ཁོ་མོའི་འཛུམ་མདངས་དམར་པོ་བྲང་ཁ་ལ་གླན་ཏེ།།
མིག་གི་དབང་བོ་རྒྱང་རིང་རྒྱང་རིང་ལ་གཏད་པས།།
མཚན་མོ་མཁའ་ན་རྒྱུ་བའི་སྐར་ཚོགས་ཀྱི་མཛེས་སྡུག།
མཛའ་མོའི་ལང་ཚོར་འཁྲུལ་བའི་རྨི་ལམ་ཞིག་རྨིས་སོང་།།