བློ་བཟང་རིན་ཆེན
<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ས་བཅད་གཉིས་པའི་གཅུན་སྡོམ་གྱི་བླང་དོར་ཞེས་པའི་ལེའུར་བྲིས་པའི་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་མདོར་བསྡུས་ཤིག་འཆད་པར་བྱ།
སྔོན་གླེང་།
ལེའུ་འདི་ལ་ལས་ཀའི་བྲེལ་ཟིང་འོག་ནས་འདོད་བློ་ཚིམ་པའི་ལྟ་ཀློག་ཟབ་ནན་ཞིག་མ་ཐུབ་ཀྱང་མདང་ནུབ་དང་། དེ་རིང་གི་གུང་སེང་སྤྱད་ནས་ཞིབ་ཀློག་གསུམ་དང་བམ་ཀློག་གཅིག་བྱས་པས་བརྗོད་བྱ་ལ་གོ་བ་རགས་རིམ་ཞིག་བྱུང་། དེ་ནས“འདིར་ང་ཚོས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐད་ཆ་འཆད་ཀྱི་མེད་པ་དང་། དེ་མཚུངས་འཇིག་རྟེན་བཀོད་པ་པོ་དང་ངོ་བོ་དབྱེར་མེད་དུ་གནས་རྒྱུའི་སྐད་ཆའང་བརྗོད་ཀྱི་མེད། སོ་སོའི་ཁེ་ཕན་དང་འབྱུང་འགྱུར་གྱི་བདེ་བ་ནི། གཞན་ལ་དམ་པོར་འབྲེལ་ཡོད་པ་ང་ཚོས་ངོས་འཛིན་བྱས་ཏེ། ངོས་འཛིན་དེ་དང་མཐུན་པའི་བྱ་སྤྱོད་ལ་འཇུག་པར་སློབ་པ་འདི་ཙམ་ང་ཚོས་གླེང་བཞིན་ཡོད་”ཅེས་མཇུག་སྡོམ་དུ་བཀོད་པ་འདི་ཡིད་ལ་བཟུང་སྟེ། ལེའུ་འདིའི་བརྗོད་བྱ་ཆ་ཚང་སེམས་ཀྱི་རང་བཞིན་དང་། རང་གཅུན་མ་བྱས་པའི་ཉེས་དམིགས། རང་གཅུན་བྱས་པའི་དགེ་མཚན་བཅས་ས་བཅད་གསུམ་ལ་བགོས་ནས་གླེང་བར་བྱ།
སེམས་ཀྱི་རང་བཞིན།
སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ་ཞེས་གསུངས་པ་བཞིན། ང་ཚོའི་སེམས་ཀྱི་རང་བཞིན་ནི་གནས་སྐབས་ཀྱི་དྲི་མ་གློ་བུར་བས་བསྒྲིབས་པ་མ་གཏོགས། རང་བཞིན་དྭངས་ཤིང་གསལ་བའི་“མཚོ་ནང་གི་ཆུ་ལྟ་བུ་ཡིན་པར་བསམ་ཆོག་པ་དང་། རླུང་འཚུབ་དྲག་པོ་ཞིག་གིས་ཆུ་དེ་དཀྲུག་སྐབས། མཚོ་གཏིང་གི་འདམ་སྙིགས་ཡར་ཡོང་ནས་ཆུ་སྙོག་གི་ཡོད། འོན་ཀྱང་ཆུ་དེའི་རང་བཞིན་ནི་སྙོག་པ་མིན་ཞིང་། རླུང་འཚུབ་དྲག་པོ་དེ་ཡལ་བའི་ཚེ་ན། འདམ་སྙིགས་མར་བབས་ནས་ཆུ་སླར་ཡང་དྭངས་གཙང་དུ་འགྱུར་འགྲོ་”བ་བཞིན། གཞན་གྱིས་ཚིག་རྩུབ་སྨྲས་པ་དང་མ་རུང་བའི་ཀུན་སྤྱོད་ཀྱིས་ང་ཚོའི་སེམས་འཁྲུགས་པར་བྱེད་ཅིང་། གནས་ཚུལ་གོ་བསྡུར་དང་སེམས་ཀྱི་འཛིན་སྟངས་བཟང་ཕྱོགས་ལ་བསྒྱུར་དུས། ང་ཚོའི་སེམས་ཀྱི་རང་བཞིན་ནི་ཞི་བདེ་བག་ཕེབས་སུ་གནས་ཐུབ།
ཡང་ང་ཚོའི་སེམས་ཀྱི་རང་བཞིན་ནི་རྟག་བརྟན་ཐེར་ཟུག་ཏུ་གྲུབ་པ་ཞིག་མིན་པར། “བྱུང་བ་དང་མྱོང་བའི་ཁྱབ་ཁོངས་ཆེན་པོ་ཞིག་གི་ངོས་ནས་རང་གི་བློ་དེ་གྲུབ་ཡོད་པ་ང་ཚོས་མཐོང་ཐུབ།” ཁྱབ་ཁོངས་དེའི་ནང་དུ་ཡུལ་ལ་ཐད་ཀར་འཇུག་པའི་དབང་ཤེས་དང་། སྒྲ་རྟོག་གི་སྒོ་ནས་ཡུལ་ལ་འཇུག་པའི་ཚོར་བ་དང་བསམ་བློ་སོགས་ཚུད་ཡོད། དེ་ལྟར་ང་ཚོའི་བློ་དང་ཤེས་པ་ནི་རྟག་བརྟན་འགྱུར་མེད་ཅིག་མིན་པར་ཆེད་དུ་དམིགས་པའི་འབད་བརྩོན་དང་སྦྱོང་བརྡར་ལ་བརྟེན་ནས་བསྒྱུར་བཅོས་བྱེད་ཆོག་པ་ཞིག་ཡིན། “དཔེར་ན་གཞན་གྱིས་སེམས་གསོ་དང་ཁག་ཐེག་གིས་རང་གི་འཇིགས་སྣང་ཞི་བར་བྱེད་པ་ལ་རམ་འདེགས་ཇི་ལྟར་བྱེད་པར་ང་ཚོས་རྟོགས་ཤིང་། ཚོར་ཤེས་ཀྱི་ནུས་པ་མཐོར་འདེགས་བྱེད་པའི་ལམ་སྟོན་སློབ་གསོ་དང་། བྱམས་བརྩེ་ལ་སོགས་པས་སྐྱོ་ཞུམ་ལྟ་བུའི་སེམས་ཀྱི་དཀའ་ངལ་ཡང་དུ་གཏོང་བར་གྲོགས་བྱེད་པ་”ལྟ་བུ་རེད།
རང་གཅུན་མ་བྱས་པའི་ཉེས་དམིགས།
དེ་ལྟར་ང་ཚོའི་སེམས་ཀྱི་རང་བཞིན་དྭངས་གསལ་ཡིད་དུ་འོང་བ་ཞིག་ཡིན་ནའང་། རང་གཅུན་མ་བྱས་པར་རང་སེམས་རྒྱ་ཡན་དུ་བཏང་བའམ་སྟངས་འཛིན་ལེགས་པར་མ་བྱས་ཚེ། གླེང་ཆེན་སྨྱོན་པ་ལས་ཀྱང་གཏོར་བཤིག་ཚབས་ཆེན་བཟོ་ངེས། གལ་སྲིད་ང་ཚོས་རང་གི་སེམས་འདི་སྟངས་འཛིན་མ་ཐུབ་པར་ཁོང་ཁྲོའི་དབང་དུ་འགྲོ་བཅུག་ན། རང་ཉིད་ཀྱི་ཞི་བདེ་ལ་གཏོར་བརླག་བཟོ་བར་མ་ཟད། རང་གི་གམ་ལ་མི་དང་དུད་འགྲོ་གཉིས་ཀ་འཁོར་འདོད་མེད་པར་བཟོ་བ་ནི་མྱོང་བས་གྲུབ་པ་ཅིག་མ་ཡིན་ནམ།
ལེའུ་འདིར་རང་གཅུན་མ་ཐུབ་པར་ཁོང་ཁྲོའི་དབང་དུ་སོང་བའི་ཉེས་དམིགས་སམ། ཁོང་ཁྲོའི་སྒེར་སྐྱོན་མང་པོ་ཞིག་དཔེར་བརྗོད་དུ་བཀོད་ཡོད། ང་ཚོས་དེ་དག་རེ་རེ་བཞིན་འདིར་བྲིས་ནས་ཞིག་ལྟ་བྱེད་ཆོག དཔེར་ན་“ང་ཚོ་ཁོང་ཁྲོ་ལང་སྐབས་སྙིང་རྗེ་དང་། བྱམས་པ། བཟོད་པ། ངང་རྒྱུད་རིང་བ། དགོངས་ཡངས། སྦྱིན་གཏོང་གི་བློ་སོགས་མར་ཉམས་ཤིང་། ཁོང་ཁྲོའི་རྐྱེན་པས་ང་ཚོས་བདེ་བའི་གྲུབ་ཆར་གྱུར་པའི་བློའི་ཡོན་ཏན་རྣམས་འཇོམས་ཀྱི་ཡོད། ཁོང་ཁྲོས་ང་ཚོའི་རྣམ་དཔྱོད་ལ་གཏོར་བརླག་བྱེད་པ་གཅིག་པུ་མ་ཡིན་པར། ཞེ་སྡང་དང་། བརྣབ་སེམས། ཁྱད་གསོད། ཁྲོ་གཏུམ་སོགས་ཀྱི་རྒྱུ་རྐྱེན་དུའང་ཐད་ཀར་འགྲོ་བ་དང་། བློ་འདི་དག་ནི་རང་གཞན་གཉིས་ཀར་འཚེ་བའི་བྱ་སྤྱོད་ཀྱི་རྒྱུ་རྐྱེན་ཞིག་ཡིན་པས་རྟག་ཏུ་མི་དགེ་བ་ཞིག་ཡིན།” ཚིག་ཐག་བཅད་ཡོད།
ཡང་༧གོང་ས་མཆོག་རང་ཉིད་ཀྱི་དངོས་སྒྲུང་དང་བསྒྲགས་ནས་ཁོང་ཁྲོའི་སྒེར་སྐྱོན་མང་པོ་ཐེར་འདོན་བྱས་ཡོད། དཔེར་ན་“ཁོང་ཁྲོའི་འོག་ཏུ་ང་ཚོས་ཞོགས་ཟས་ཀྱང་ཉམས་ལ་འབབ་པ་ཞིག་ཟ་མི་ཐུབ་པ་དང་། ཁོང་ཁྲོ་ལངས་པ་ནི་རང་གི་གཏན་འཇགས་ཀྱི་གོམས་གཤིས་ཤིག་ཏུ་གྱུར་ན། ཤེས་བྱ་ཡོན་ཏན་དང་། སྟོབས་འབྱོར་མངའ་ཐང་ཇི་ལྟར་ཆེ་རུང་། མི་གཞན་ཚོས་ང་ཚོར་གཡོལ་གཟུར་བྱེད་ཀྱི་ཡོད། མི་ཚོས་ཁོ་ནི་ཧ་ཅང་གྲུང་པོ་ཞིག་རེད་མོད། ཁྱེད་ཀྱིས་ཤེས་གསལ་ལྟར། ཁོ་ནི་ཁོང་ཁྲོ་ལང་ཆོག་ཆོག་རེད་ཅེས་བརྗོད་ནས་རང་གི་ཉེ་གམ་དུ་མི་འོང་བ་དང་། ཡང་ན་ཁོ་མོ་ནི་འཇོན་ཐང་ལྡན་པ་ཞིག་ཡོད་ཀྱང་། རླུང་ལང་ཆོག་ཆོག་ཅིག་ཡིན་ཕྱིར། ང་ཚོས་དོགས་ཟོན་བྱས་ན་ལེགས་ཞེས་བརྗོད་”པའི་ང་ཚོའི་རྒྱུན་ལྡན་གྱི་སྐད་ཆ་དམར་རྗེན་དུ་བཀོད་ཡོད།
ད་དུང་“ང་ཚོས་ཁོང་ཁྲོ་ཆེ་བའི་མི་ལ་དོགས་ཟོན་དང་གཟབ་ནན་བྱེད་པ་ནི། རྒྱུན་དུ་གདོང་ལ་ཁྲོ་གཉེར་གོན་ཞིང་ཁ་ནས་མཆེ་བ་གཙིགས་པའི་ཁྱི་ལ་ཇི་ལྟར་བྱེད་པ་དང་གཅིག་མཚུངས་ཤིག་ཡིན། མི་འདིའི་རིགས་ཀྱི་ཁོང་ཁྲོའི་སྡིགས་མོ་ཁུར་བ་ལས་ང་ཚོས་ཁོ་ཚོ་རང་གི་གྲོགས་ཀྱི་གྲས་ནས་ཕུད་ཀྱི་ཡོད་”ཅེས་སྤྱིར་བཏང་གི་སྐད་ཆ་འཇམ་པོ་ཞིག་གིས་རྣག་ཐོག་ཁབ་བཙུག་བྱས་འདུག
དེ་ལྟར་རང་གཅུན་མ་ཐུབ་པའི་ཉེས་དམིགས་རྣམས་ནི་རྟོགས་དཀའ་ཞིང་དཔོག་མི་ནུས་པ་ཞིག་མིན་པར། རྒྱུན་ལྡན་འཚོ་བའི་ཁྲོད་མང་པོ་ཞིག་རང་གིས་མྱོང་ཞིང་གཞན་སྟེང་ནས་མཐོང་ཐུབ་པ་ཞིག་ཡིན། ང་ཚོས་རང་ཉིད་ཀྱི་སྒེར་སྐྱོན་རྣམས་དང་དུ་མི་ལེན་པར་སྐྱོ་གར་འཁྲབ་པ་ནི་ཉུང་ཉུང་ག་ལ་ཡིན། དེ་ལྟར་“ངོས་ལེན་མི་བྱེད་པའི་སྤྱོད་པ་ནི། རྣག་ཡོད་པའི་རྨ་ཁ་ཞིག་གི་ཁ་ཟུམ་པ་ལྟ་བུ་ཡིན་ལ། བཙན་གནོན་བྱས་ཏེ་ངོས་ལེན་མ་བྱས་ན། ཁོང་ཁྲོ་དང་འཁོན་འཛིན་སོགས་རང་གི་སེམས་གཏིང་དུ་གསོག་འཇོག་བྱེད་པའི་ཉེན་ཁ་ཡོད། འདི་ལ་དཀའ་རྙོག་ཅིག་ཡོད་པ་ནི། འབྱུང་འགྱུར་གྱི་ཉིན་ཞིག་ལ་བཙན་གནོན་བྱས་པའི་ཚོར་བ་དེ་དག་མ་ཁོག་པར་ཕྱིར་འཕྱུར་ཡོང་བ་འདི་ཡིན་”ཞེས་གསུངས་ཡོད། ལེགས་བཤད་འདིས་འུ་ཅག་གི་མ་རུང་བའི་ཀུན་སྤྱོད་རྣམས་ངོས་ལེན་བྱས་ཏེ་རྣམ་དཔྱོད་ལྡན་པའི་ཐོག་ནས་སྟངས་འཛིན་དགོས་པར་གདམས་པ་མ་ཡིན་ནམ།
རང་གཅུན་བྱས་པའི་དགེ་མཚན།
བདེ་སྐྱིད་དངོས་གནས་ནི་སེམས་ཀྱི་བདེ་སྐྱིད་ཡིན་པའི་སྐོར་ལ་ང་ཚོས་ལེའུ་སྔ་མ་དག་ནས་རྒྱུས་ལོན་དང་གོ་རྟོགས་སྤེལ་བ་རེད། གོ་རྟོགས་དེ་གཞིར་བཞག་ནས་བཤད་ན་“ང་ཚོས་རང་སེམས་ཀྱི་ཞི་བདེ་དང་། དེར་བརྟེན་པའི་བདེ་བ་གཉིས་རྒྱུན་འཁྱོངས་བྱེད་དགོས་ན། རང་ཉིད་ཀྱི་མི་དགེ་བའི་རྟོག་པ་དང་མྱོང་ཚོར་ལ་ལྟ་སྟངས་ཕྱོགས་སུ་མ་ལྷུང་ཞིང་དཔྱོད་ཤེེས་དང་ལྡན་པ་ཞིག་དགོས་པར་མ་ཟད། ངན་ཕྱོགས་ནས་དེ་ཚོར་ཡ་ལན་སྟེར་བར་བཀག་སྡོམ་བྱེད་པའི་གོམས་འདྲིས་བརྟན་པོ་ཞིག་ཀྱང་སྐྱེད་སྲིང་བྱེད་དགོས་པར་”གསུངས་ཡོད། ཉོན་མོངས་པའི་རྟོག་པ་དང་མྱོང་ཚོར་ནི་ཞེ་སུན་དང། མགོ་རྙོག སེམས་ཁྲལ། འཇིགས་སྣང། དངངས་སྐྲག རང་ཉིད་ཀྱི་སྤོབས་པ་འཇོམས་པ་སོགས་ཀྱི་འབྱུང་ཁུངས་ཡིན་པས། ང་ཚོས་ཉོན་མོངས་པའི་སེམས་བྱུང་རྣམས་ལ་སྟངས་འཛིན་དང་། རང་གཅུན་ལེགས་པར་མ་ཐུབ་ཚེ། “ང་ཚོ་ནི་རྟག་ཏུ་སེམས་དང་ཡིད་མ་བདེ་བའི་གནས་སྟངས་ནང་ལྷག་རྒྱུ་ཡིན་ཞིང་། སེམས་ལ་ཞི་བདེ་ཞིག་ཡོང་ཐབས་མེད་པ་དང་། བདེ་བའི་ཚབ་ཏུ་སེམས་ཁྲལ་ཡོང་ལ། དངངས་སྐྲག་དང་སྐྱོ་ཞུམ་ནི་གྲིབ་མ་བཞིན་རང་གི་ཉེ་གམ་དུ་གནས་རྒྱུ་”ཡིན་པའི་ངང་ཚུལ་གདམས་ཡོད། ལེགས་བཤད་དེ་དག་གི་ཤུགས་ལ་རང་གཅུན་ནི་བདེ་སྐྱིད་འབྱུང་གནས་དང་། རང་ཉིད་སྲུང་སྐྱོབས་བྱེད་པའི་ཆ་རྐྱེན་གལ་ཆེན་ཞིག་ཏུ་ངོས་འཛིན་གནང་ཡོད། དེའི་ཕྱིར་ང་ཚོ་སྡུག་བསྔལ་དེ་དག་གི་དབང་དུ་མ་ཚུད་པའི་སླད་དུ་རང་གཅུན་ལེགས་པར་བྱེད་དགོས་པ་ནི་ལེའུ་འདིའི་བརྗོད་བྱའི་སྙིང་པོ་རེད།
རང་གཅུན་ནི་དེ་འདྲ་གལ་ཆེན་ཞིག་ཡིན་པའི་གོ་རྟོགས་དེ་ཐོབ་པ་ནས། ང་ཚོས་འཕྲལ་དུ་ལག་བསྟར་བྱེད་མ་ཐུབ་ཀྱང་། “ང་ཚོས་ཐོག་མར་རང་བློ་ལ་སྟངས་འཛིན་བྱེད་པར་གོམས་འདྲིས་བྱེད་དགོས། འདི་ནི་འགན་ལྕི་བའི་བྱ་བ་ཞིག་ཡིན་ཡང་། མ་མཐའ་ཡང་ང་ཚོ་དེའི་རྩ་དོན་ལ་རྒྱུས་མངའ་ཡོད། དཔེར་ན་ཉལ་ཐའི་རིགས་ལ་གཏོར་བརླག་གི་ནུས་ཤུགས་ཡོད་པ་ཤེས་པའི་རྒྱུ་མཚན་གྱིས། ང་ཚོ་རང་ཉིད་དང་རང་གི་ཕྲུ་གུ་ཚོར་བཀག་སྡོམ་བྱས་ནས་སྤྱོད་དུ་འཇུག་གི་མེད།” དེ་བཞིན་ང་ཚོས་ཀྱང་རང་གཅུན་མ་ཐུབ་པའི་གཏོར་བརླག་ཚབས་ཆེན་གྱི་རིགས་ལ་མནོ་བསམ་བཏང་ནས་རང་གཅུན་བྱེད་པའི་བརྩོན་པ་བསྐྱེད་དགོས། རང་གཅུན་ནི་སེམས་ཀྱི་སྦྱོང་བརྡར་ཞིག་རེད། “སེམས་ཀྱི་སྦྱོང་བརྡར་ནི་ལུས་པོའི་སྦྱོང་བརྡར་དང་མ་འདྲ་བར་བཙན་ཐབས་ཀྱིས་ཡོང་ཐབས་མེད་པ་ཞིག་ཡིན། དེ་ནི་གོ་རྟོགས་གཞིར་བཞག་ཅིང་ཆེད་དུ་དམིགས་པའི་ཡུན་རིང་གི་འབད་བརྩོན་ཁོ་ནར་བརྟེན་ནས་འབྱུང་དགོས་པ་ཞིག་ཡིན་”ཞེས་གསུངས་པ་བཞིན། ཡུན་རིང་གི་འབད་བརྩོན་ལ་བརྟེན་ཞིང་རང་གཅུན་ལེགས་པར་བགྱིས་ནས་གོ་ལ་ཧྲིལ་པོ་འདིར་ཞི་བདེ་བག་ཕེབས་ཀྱི་ཁོར་ཡུག་ཅིག་བསྐྲུན་པའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཞེད་དོན་མངོན་དུ་འགྱུར་བར་འུ་ཅག་གིས་ནུས་ཤུགས་རྩལ་དུ་འདོན་དགོས་པ་ནི་ཁ་ཚ་དགོས་གཏུགས་ཤིག་ཅི་ལ་མིན།
མཆན། འདི་ནི་ཆོས་གྲོགས་ཤེས་རབ་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་རྩོམ་རྣམས་ལ་འུ་ཅག་གིས་རྒྱུས་ཡོད་བྱེད་དགོས་པའི་བསམ་ཚུལ་ལྷུག་པོར་བརྗོད་པས་མཐུན་རྐྱེན་བྱས་ཏེ་སྔར་ཁོ་བོས་ཀློག་འགོ་བརྩམས་པའི་<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་གཅུན་སྡོམ་གྱི་བླང་དོར་ཞེས་པའི་ལེའུ་ལ་བལྟས་པའི་བཀླགས་བྱང་ཙམ་ཡིན།
མཆན། དགེ་རྒན་རྣམས་པ་དང་སློབ་གྲོགས་ཚོས་ཁོ་བོས་བྲིས་པའི་རྩོམ་ཡིག་ལ་ཡིག་ནོར་དང་སྡེབ་སྦྱོར། འབྲི་ཐབས་སོགས་གང་ཅིའི་ཐད་ནས་ནོར་འཁྲུལ་ཡོ་བསྲང་བྱེད་པའི་རེ་བ་ལྕི།
2020/5/5ལ་བློ་བཟང་རིན་ཆེན་གྱིས་བློ་གླིང་འཚིག་ཇ་ཁང་ནས་བྲིས།