མི་རྐྱང་སྨྱོན་པ།
དེ་རིང་བདག་གིས་འདི་ནས་ཨ་རིའི་བོད་པ་ཁ་ཤས་ལ་བསམ་ཚུལ་ཞིག་བརྗོད་ན་འདོད། ད་ལན་གུང་ཁྲན་ཏང་གི་ནད་དུག་འདིས་ཨ་རིའི་གཞུང་མང་གཉིས་ལ་དཀའ་ངལ་སྔར་ཨ་རིའི་ལོ་རྒྱུས་ཐོག་བྱུང་མྱུང་མེད་པ་ཞིག་འབྱུང་བཞིན་པའི་སྐབས་འདིར། ཨ་རིའི་བོད་པ་ཁ་ཤས་ཀྱིས་རང་རང་སོ་སོའི་ནུས་ཚོད་ལ་དཔགས་ནས་ཨ་རིའི་གཞུང་མང་གཉིས་ལ་དངུལ་དངོས་ཀྱི་ཞལ་འདེབས་དབུལ་དགོས་པའི་བསམ་ཚུལ་བརྗོད་བཞིན་པ་དེར། ཨ་རིའི་བོད་པ་ཁ་ཤས་ཀྱིས་ང་ཚོའི་དངུལ་དངོས་རྡོ་སྦིས་ཁོག་གི་བོང་རྒན་ཞིག་གི་རྒྱབ་ཁལ་ཙམ་དེས་ཨ་རིའི་གཞུང་མང་ལ་ཕན་ཐོགས་ག་རེ་ཡོད་དམ། ང་ཚོས་མ་ཕུལ་ནའང་ཨ་རིའི་གཞུང་མང་གཉིས་ཀྱིས་ང་ཚོའི་གནས་བབ་གསལ་པོ་མཁྱེན་རྟོག་ཡོད་པས། ཁོ་ཚོས་ཅི་ཡང་བསམ་མི་སྲིད་ཟེར། བདེན་པ་རེད། དངུལ་དངོས་ཉུང་ཉུང་དེ་འདྲ་ཞིག་གིས་ཨ་རིའི་གཞུང་མང་གཉིས་ལ་ཕན་ཅི་ཙམ་ཞིག་ཐོགས་སམ། རེད་དེ། ཁྱེད་ཚོས་མི་སེམས་ཟེར་བ་དེ་ཤེས་སམ། ཁབ་དང་སྐུད་པས་ཀྱང་མི་སེམས་གསོ་ཐུབ་པ་ཡིན་ལ། ཐ་ན་ཁ་ཡག་སྐམ་པོ་ཞིག་གིས་ཀྱང་མི་སེམས་ཟེར་བ་དེ་གསོ་ཐུབ་པ་ཡིན། ཡང་གཅིག་བཤད་ན། ཨ་རིས་ཁྱེད་ཚོ་ལ་ཨ་རིའི་མི་སེར་གྱི་ཐོབ་ཐང་གནང་ཉིན་ནས། ཁྱེད་ཚོས་ཨ་རི་ས་ནས་ཨ་རིའི་མི་སེར་གྱི་ཐོབ་ཐང་ལེན་ཉིན་ནས། ཁྱེད་ཚོ་བོད་ས་སྟོད་སྨད་གང་དུ་སྐྱེས་ཀྱང་། ཁྱེད་ཚོ་རྒྱ་བལ་འབྲུག་སོགས་ཀྱི་ས་ཁུལ་གང་དུ་སྐྱེས་ཀྱང་། ཉིན་དེ་ནས་ཁྱེད་ཚོའི་རྒྱལ་ཁབ་ནི་ཨ་རི་ཟེར་བའི་རྒྱལ་ཁབ་འདི་ཡིན། ཉིན་དེ་ནས་ཁྱེད་ཚོ་ནི་ཨ་རིའི་མི་སེར་འཁྲུལ་མེད་ཡིན། དེར་བརྟེན་རང་ཉིད་ཀྱི་རྒྱལ་ཁབ་ལ་ལྷག་བསམ་རྣམ་དག་བྱ་དགོས། འདི་ནི་ཨ་རིའི་མི་སེར་ཞིག་ཡིན་པའི་འགན་འཁྲི་ཡིན་པ་དང་། འདི་ནི་འགྲོ་བ་མི་ཞིག་གི་ཀུན་སྤྱོད་ལེགས་ཉེས་འབྱེད་པའི་ས་མཚམས་ཆུ་མཚམས་ཡིན། ཁྱེད་ཚོས་ཨ་རིའི་མི་སེར་གྱི་ཐོབ་ཐང་ལེན་ཉིན་ནས། ཁྱེད་ཚོས་དུས་དང་རྣམ་པ་ཀུན་ཏུ་ཨ་རི་ནི་རང་ཉིད་ཀྱི་དངུལ་བསག་ས་ཁོ་ནར་མི་བལྟ་བར། རང་ཉིད་ཀྱི་ཁྱིམ་ལ་བལྟ་དགོས། རང་ཉིད་ཀྱི་རྒྱལ་ཁབ་ཏུ་བལྟ་དགོས། ཨ་རིའི་རྒྱལ་ཁབ་དང་ཨ་རིའི་མི་མང་གི་སྐྱིད་སྡུག་ནི་ཁྱེད་ཚོའི་སྐྱིད་སྡུག་ཡིན་དགོས། དེ་ལྟར་བྱས་ཚེ། ཁྱེད་ཚོ་ནི་ཆེས་བླ་ན་མེད་པའི་ཨ་རིའི་བོད་པ་ཡིན། དེ་ནི་དམར་སྨུག་གི་ངོ་གདོང་ཅན་གྱི་བོད་པ་ཟེར་བ་འདིའི་གཟི་བརྗིད་ཅིག་ཅི་ལ་མིན། ཨ་རིའི་བོད་པ་ཚོ། ཁྱེད་ཚོའི་དངུལ་དངོས་རྡོ་སྦིས་ཁོག་གི་བོང་རྒན་ཞིག་གི་རྒྱབ་ཁལ་ཙམ་དེས་ཨ་རིའི་གཞུང་མང་ལ་ཕན་ཐོགས་རྒྱ་ཆེན་པོ་ཞིག་མི་འབྱུང་ཟེར་བ་དེ་ནི་ཤིན་ཏུ་བདེན་མོད། འོན་ཀྱང་། དེས་ནི་ཨ་རིའི་གཞུང་མང་གི་སེམས་པའི་འཁྱག་རོམ་སོལ་བའི་མེ་དམར་ཧང་ངེ་བ་ཞིག་གིས་བསྲོས་པ་དང་ཅི་ཁྱད། ད་བཤད་མཚམས་འཇོག་ཆོག་པར་ཞུ། གལ་ཏེ་བདག་གིས་འདི་ནས་བཤད་ཉེས་བཤད་ནོར་བྱས་ཡོད་ན་སེམས་གཏིང་ནས་དགོངས་དག་ཞུ་བ་ཡིན། དགོངས་དག་ཞུ།
༠༥/༠༩/༢༠༢༠
མི་རྐྱང་སྨྱོན་པ། ཁྱེད་ཀྱིས་བསམ་ཚུལ་དེ་ཡག་པོ་འདུག དངུལ་མང་ཉུང་གྱི་ཁྱད་ཡོད་ཀྱང་གལ་ཆེ་ཤོས་དེ་ལས་གང་ཡིན་རུང་དེ་ལ་མཉམ་རུབ་ཞུ་རྒྱུ་དེ་རེད། དེ་ཡང་མདུན་སྐྱོད་ཀྱི་གོམ་པ་དང་པོ་དེ་རེད། གདུང་སེམས་མཉམ་བསྐྱེད་ཀྱི་བསམ་ཚུལ་ལག་ལེན་དེ་རེད། མཉམ་ཆུང་ཆུ་ཐིག་གི་རྒྱ་ཚོའི་གཏིང་མཐའ་དཔག་དཀའ་དེ་རེད། བལ་པོའི་སྐད་དུ་ མན་ཏ་ཏོ་ ཟེར་བའི་ཆུ་དེ་རེད། བོད་པའི་རིག་གཞུང་ལ་སེམས་གསོ་ཞུ་བ་དེ་རེད།
ཡིན་ཀྱང་སྐབས་མཚམས་སུ་གནས་དོན་འདི་དང་འབྲེལ་བའི་གནས་ཚུལ་ཞིག་ཞུ་འདོད་བྱུང། དེ་ཡང། གནས་ཚུལ་གོ་མཐོས་ལ་ཨ་རི་ནིའུ་ཡོག་ནས་ཡིན་པ་ཐུབ་བསྟན་ཐོག་མེད་ཞུ་བ་ནས་རང་གཞུང་གི་དེ་རེས་རྒྱ་གར་ནང་དུ་གཉན་རིམས་ནད་གཞིའི་ལས་རིམ་ཆེད་མེ་ཏོག་ཆུང་ཀྱང་ལྷ་རྫས་ཀྱི་དཔེ་ལྟར་ཞལ་འདེབས་ཕུལ་བར་དགའ་གུས་མེད་པར་སྐྱོན་བརྗོད་ཚད་མེད་ཞུས། དེ་ཡང་གསེར་གྱི་ཀ་བ་ལ་ལྕགས་ཀྱི་ལྷན་པ་རྒྱབ་པའི་དཔེ་རུ་བཤད་འདུག དེ་འདྲ་མ་རེད། ཡ་རབས་ལུགས་ལ་བཀའ་དྲིན་རྗེས་དྲན། ཐུགས་རྗེ་ལེགས་འབུལ་སོགས་ག་རེ་ཞུ་ནའང་འཐུས། ཡིན་ཀྱང་གནང་སྟངས་ཡག་པོ་མ་བྱུང་ན་ཞུས་པའི་ཡག་པོ་མིན་པ་ངས་བསལ་ཚུལ་ལ་མི་མང་པོ་སྐད་བཏང་ནས་རུ་རིང་པོ་བསྒྲིག་པ་སོགས་ཕན་ཐོག་བྱས་པའི་ཚུལ་སྟོན་ཆེ་ན་སྐྱོན་ཡང་ཡོད་པ་རྒྱ་གར་ནང་ལོ་མང་བསྡད་པ་ཙམ་མ་ཟད་མཐོ་མཐའི་རྒྱ་གར་བ་མཉམ་ཞིབ་ཞུས་པའི་ཉམས་མྱོང་ཀྱང་ཡིན། ཟབ་རོགས་གནང།
མཐར་དོན། གོང་དུ་ཞུས་པ་ལྟར་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས། གླང་ཆེན་བྱི་ལེའི་དཔེ་རུ་གཟིགས་ནས་མདུན་སྐྱོད་གནང་གལ་ཞུ།།