ཞོ་ར་བསྟན་པ། (ཨོ་གླིང་།)
བསོད་ནམས་ཟད་ཁར་བསམ་ངན་གཞན་ལ་འཆང་།།
དགྱ་དུག་ངར་མ་ཝུའུ་་ཧན་གྲོང་ནས་བཟོས།།
ཏོག་དབྱིབས་དུག་གི་དངོས་གྲུབ་རང་ལ་ཐོབ།།
གནམ་རྡོ་མགོ་ལ་ལྷུང་བའི་ཆག་སྒོ་ཉོས།།
དགྱ་ཡུལ་ཆེན་མོའི་གནམ་ས་དུག་གིས་བཟུང་།།
ཉེས་མེད་ཆབ་འབངས་ནད་ཀྱི་གཡོག་པོར་བསྒྱུར།།
དོན་དངོས་གསང་རྒྱ་བཏབ་པའི་ལག་རྗེས་སུ།།
མགོ་ནག་མི་ལ་སྡུག་གི་ཁྲལ་ཞིག་བསྡུས།།
གདུང་བའི་ནད་ཀྱིས་ནོངས་འགྱོད་སྙིང་ལ་གཟན།།
མ་བུ་མུག་ཤིར་ཐེབས་ནས་གོ་ཁར་ལྷག།
གཤིན་ཡུལ་འགྲིམས་པའི་ཕྱིར་མིག་གསོན་ལ་ཐོཊ།།
གསོན་པོའི་རེ་བ་ཟད་ནས་རང་ཤི་རྒྱག།
ཕ་ཝང་བྱ་ལ་ངན་ཁག་ཞྭ་མོ་གཡོགས།།
ཨ་རིའི་གཞུང་ལ་མ་ཉེས་ཁ་ཡོག་བཏབ།།
དབྱིན་ཇིའི་ཐོན་རྫས་ཁེ་ལས་ཁག་དཀྲིར་བྱས།།
གོ་ལ་གད་མོ་ཤོར་བའི་གར་ཞིག་འཁྲབ།།
དགྱ་གྲོང་ཆེན་མོའི་མི་སེར་སྟོང་ལ་ཉེ།།
ཁ་ཐབས་སྐྱོ་བའི་འབངས་ལ་བདག་པོ་མེད།།
འབུམ་ཤི་སྟོང་དང་སྟོང་ཤི་བཅུ་ལ་ཕབ།།
ཆབ་འབངས་འཆི་བའི་གྲངས་ཀ་དུར་ལ་སྦས།།
གསར་འགོད་པ་ཡི་ཞལ་ལ་སྒོ་ལྕགས་བརྒྱབ།།
སྨན་པ་བཙན་ཁྲིད་བྱས་ནས་བཙོན་ལ་བཅུག།
ཚོད་ལྟ་ཁང་གི་དཔང་རྟགས་གཏོར་བ་སོགས།།
*མིག་ལྔ་མཉམ་འབྲེལ་ཚོགས་པའི་ཐོ་ན་གསལ།།
ཞང་བོ་བསོད་ནམས་ཅན་གྱི་གསོལ་རས་འདིས།།
འཛམ་གླིང་ཤར་ནུབ་ཤི་བའི་གཤེད་དུ་ལྡང་།།
མི་རིགས་དཀར་ནག་བཀག་པའི་བཀའ་རྒྱ་མྱང་།།
དཔལ་དང་འབྱོར་བའི་གཡང་གི་ར་བ་གཏོར།།
ཡུན་རིང་འབད་པ་ཆེན་པོས་སྒྲུབ་སྒྲུབ་ནས།།
རླབས་ཆེན་བྱ་བཞག་ཏོག་དབྱིབས་དུག་གི་འབུ།།
ས་ཆེན་ཁྱོན་ལ་སྤེལ་བའི་མཛད་རྗེས་ཅན།།
དགྱ་དམར་གཞུང་གི་ངོ་སོ་ཐུར་ལ་བསྟོད།།
*མིག་ལྔ་ཞེས་པའི་བརྡ་ཆད་འདི་ནི་ཨ་རི་དང་ཨོ་གླིང་། ཁ་ན་ཌ། ནེའུ་ཛི་ལན་ཌི། དབྱིན་ཇི་བཅས་རྒྱལ་ཁབ་ལྔ་ལས་གྲུབ་པའི་རྒྱ་ནག་གི་ནད་དུག་ཡོངས་ཁུངས་དངོས་ལ་ཞིབ་འཇུག་བྱེད་བཞིན་པའི་གསང་བའི་ལས་ཁུངས་ཤིག་ཡིན།
ཕྱི་ལོ་༢༠༢༠/༥/༣ཉིན། ཨོ་གླིང་སིཌ་ནིའི་བྱང་ཕྱོགས་མཚོ་ངོགས་ས་ཁུལ་གྱི་སན་ཊིར་ཁོར་སི་རུ་བྲིས།