སྤང་རི་སྣ་རིན་པོ་ཆེ་ལོ་ ༨ དང་ཟླ་ ༦ ཁྲིམས་གཅོད།
ཉེ་ཆར་ཕ་ཡུལ་ནས་གནས་ཚུལ་ཁུངས་ལྡན་གོ་གསལ་ལ་སྤང་རི་སྣ་རིན་པོ་ཆེ་མཆོག ༢༠༠༩ ཟླ་ ༡༢ ཚེས་ ༢༣ ཞོགས་པ་ཆུ་ཚོད་༩ ཐོགས་དཀར་མཛེས་ཁུལ་དར་མདོ་འབྲིང་རིམ་མི་དམངས་ཁྲིམ་ཁང་ནས་ཁྲིམས་གཅོད་ཀྱི་བཅད་ཁྲ་བཏང་འདུག་བཅས་ཁྲ་དེའི་ནང་རིན་པོ་ཆེ་ཁོང་མི་ལོ་ཧྲིལ་པོ་ ༨ དང་ཟླ་བ་ ༦ གི་བཙོན་འཇུག་ཐག་གཅོད་བྱས་འདུག །ཁོང་ཁྲིམས་ཐག་གཅོད་པའི་སྐབས་ཁྲིམས་རའི་ནང་དེ་སྔོན་ཁོང་གི་ཁྲིམས་རྩོད་པ་གཉིས་གླས་མྱོང་བ་དེ་གཉིས་ཀ་རྩ་བ་ནས་ཡོང་བཅུག་མི་འདུག་ལ། ཁྲིམས་རའི་ནང་ཕྱོགས་གཅིག་གིས་མ་གཏོགས་སྐད་ཆ་བཤད་པ་གཏན་ནས་མེད་པ་དང༌། ཕྱོགས་གཅིག་པོ་དེས་གང་བཤད་པ་ལྟར་ཐག་གཅོད་བྱེད་རྐྱང་ལས། ཀྲུང་ཧྭ་མི་དམང་སྤྱི་འཐུས་རྒྱལ་ཁབ་ཀྱི་ཉེས་དོན་གཏུགས་གཤེར་བཅའ་ཁྲིམས་དོན་ཚན་ ༣༢ པའི་ནང༌། ཉེས་ཅན་པ་དང༌། གྱོད་ཡ་རང་ཉིད་ཀྱིས་རང་ལ་དག་འབུད་བྱེད་པའི་ཐོབ་ཐང་ཡོད་པ་མ་ཟད། མི་གཅིག ནས་གཉིས་ཀྱིས་དག་འབུད་བྱེད་རྒྱུར་མངགས་བཅོལ་ཡང་བྱས་ཆོག ཅེས་པ་པ་དང་ཡོངས་སུ་འགལ་བའི་ཁྲོམས་གཅོད་བྱས་འདུག ཁྲིམས་རའི་ནང་ཐག་གཅོད་སྐབས་ནང་མི་ལྔ་ཙམ་ཡོང་བཅུག་ཡོད་ནའང་ཕན་ཚུན་ཐུག་འཕྲོད་དང་སྐད་ཆ་བཤད་པ་གང་ཡང་བྱུང་མི་འདུག །ལོ་གཅིག་ལྷག་རིང་ཐག་གཅོད་གང་ཡང་མེད་པར་རྡུང་བརྡེབ་གནར་གཅོད་ཁོ་ནས་སྡུག་གྱོང་བཏང་སྐབས་སྐུ་གཟུགས་ཤིན་ཏུ་སྐྱོ་བས། ནང་མི་ཚོའི་སེམས་པར་རྨ་ཁ་བཟོ་བྱེད་ཙམ་ལས་དོན་སྙིང་གང་ཡང་བྱུང་མི་འདུག །རྒྱུན་ལྡན་ཁོང་ལ་དད་པ་དང་དོ་སྣང་ཞུ་མཁན་རྒྱ་ཆེ་མང་ཚོགས་ཁྲི་སྟོང་བརྒལ་བ་ཡོད་པའི་ནང་ནས་ཁྲིམས་རའི་ནང་ཞུགས་འདོད་ཡོད་མཁན་ཤིན་ཏུ་མང་པོ་ཡོད་ནའང༌། དེ་རིགས་རྐང་གཅིག་ཀྱང་བཏང་མི་འདུག །
དེ་ལས་མང་བ་། “སྤང་རི་སྣ་རིན་པོ་ཆེ་ལོ་ ༨ དང་ཟླ་ ༦ ཁྲིམས་གཅོད།” »