དགེ་འདུན།
ངས་སྒྲུང་ཞིག་བཤད་འདོད་བྱུང་། ལོ་བཅུ་བཞི་ཙམ་གྱི་སྔོན་དུ་ང་ཚོས་དུས་བབ་ཀྱི་ལས་ཀ་བྱས་པ་རེད། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡང་སྐབས་དེ་ཤེད་ཅིག་ནས་ལག་ལེན་གྱི་ཐོག་ལ་འཁོར་བ་རེད། ཡིན་ན་ཡང་ཁ་མཆུ་དང་ཐག་གཅོད་སོགས་བྱུང་མེད་པ་རེད། མཚམས་ཤིག་ལ། དུས་བབ་ཐོག་ཡིག་འཁྱར་ཞིག་སྤེལ་ཉེས་ལ་བསྙད་ནས་བྱ་དུར་བཟང་པོས་ཁ་མཆུ་བཙུགས་པ་རེད། གྱོད་ཡ་ནི་དུས་བབ་རྩོམ་སྒྲིག་པ་རེད། བཙན་བྱོལ་ནང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སླེབས་པའི་ཁ་མཆུ་ཐོག་མ་དེ་རེད། ཁྲིམས་ཡིག་རྒྱབ་ཤ་ལྗང་ཅན་པ་དེ་སྦྱངས་ནས་ཁ་མཆུའི་རྩོད་པ་དེ་བྱས་པ་རེད། ཟིང་ཚ་པོ་བྱུང་པ་རེད། མཐའ་མ་དེ་བཅད་ཁྲ་བསྒྲགས་པ་རེད། དེ་དུས་དུས་བབ་ཀྱི་ཉེས་ཆད་དུ་ཧིན་སྒོར་ ༢༠༠༠ བྱ་དུར་བཟང་པོར་སྤྲོད་དགོས་པ་རེད་ཅེས་བྲིས་འདུག ངས་གལ་སྲིད་སྒོར་མོ་དེ་མ་སྤྲད་ན་ག་རེ་ཡོང་གི་རེད་ཅེས་དྲིས་པ་ཡིན། དེའི་ལན་ནི། ངེད་ཀྱི་འོས་འདེམས་ཀྱི་ཐོབ་ཐང་ཤོར་གི་རེད་གསུངས་སོང་། དེ་ལས་ལྷག་ཡོད་དམ། ཕལ་ཆེར་མེད་པ་རེད། ད་སྒྲུང་ཚར་སོང་། ད་སྒྲུང་འདིས་གང་ཞིག་སྟོན་ནམ་ཟེར་ན། བཙན་བྱོལ་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ ཉེས་ཅན་པ་ཞིག་བཙོན་འཇུག་བྱེད་པའི་དབང་ཚད་མེད་པ་རེད། ང་ཚོའི་འཛིན་སྐྱོང་དང་སྤྱི་འཐུས། ཁྲིམས་ཁང་། མཐའ་ན་ང་ཚོའི་དམངས་གཙོ་འདི་ཡང་ཡ་རབས་ཀྱི་སྤྱོད་པ་ལ་བརྟེན་ནས་བཙུགས་པའི་གཞུང་ཞིག་རེད། ང་ཚོའི་མི་དམངས་ལ་ཁྲིམས་ལུགས་ཀྱི་ཐོག་ནས་དམངས་གཙོའི་ནང་ཆ་ཤས་ལེན་དགོས་པ་དང་། ཁྲིམས་ལ་བརྩི་དགོས་པ། ཁྲིམས་ཀྱིས་དབང་བསྒྱུར་བྱེད་དགོས་པ་འདི་དག་ཚང་མ་ལག་ལེན་ངོ་མ་ཞིག་གི་ཐོག་ནས་ཡོང་མི་ཐུབ་པ་ཞིག་རེད། དེ་དག་ནི་ཡ་རབས་དང་བཟང་སྤྱོད་ཀྱི་ཐོག་ནས་ཡོང་བ་ཞིག་རེད། དེ་ཡང་མཐར་གཏུགས་ན་༧རྒྱལ་བ་རིན་པོ་ཆེའི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་ཡོང་ཡོད་པ་ཞིག་རེད།