(བོད་ཀྱི་དབུ་འཁྲིད་ཏཱ་ལའི་བླ་མར་ཕྱོགས་ངོས་གཞན་ཞིག་ནས་བལྟ་བ།)
གཡུ་ཚང་ལྷ་མོ་དོན་གྲུབ། ཨ་རི།
དང་པོ། ཁ་བརྡ་དྲ་རྒྱའི་སྐུ་དྲིན།
ཉེ་བའི་ཟླ་ཤས་རིང་བོད་ནང་གི་ཛ་དྲག་གི་གནས་བབ་དང་བཙན་བྱོལ་ནང་གི་རེ་བ་མེད་པའི་མཇུག་འབྲས་རྣམས་ཕྱིར་ཐོན་ཡོང་དུས། རྒད་པོ་ངའི་སྙིང་རླུང་སྟོད་ལ་འཚང་ནས་དབུགས་ཐག་སང་ཆད་གནངས་ཆད་དུ་གྱུར་བས། རང་གི་དྲན་ཕྱོགས་ཤིག་ཡིག་ཐོག་ཏུ་ཕབ་ནས་ཕལ་ཆེར་ཁ་ཆེམས་ཀྱི་ཚུལ་དུ་སྤེལ་དགོས་སྙམ་མོད། ང་ཚོའི་སྤྱི་ཚོགས་འདིར་མི་རྒན་འཆི་ཁར་ཁ་ནས་གསེར་ལྟ་བུའི་བསླབ་བྱ་ལེན་རྒྱུ་ཕར་བཞག་ནས་འཆི་ཁ་གཏམ་མ་མང་ཟེར་བའི་སྡིགས་སྲོལ་ཞིག་ཡོད་པ་དང༌། རང་གི་སྐད་ཆ་ཐ་ཐོར་དེར་བསྐྱར་ཞིབ་ཅིག་བྱས་དུས་དེ་ཡང་མི་གཞན་གྱི་ཁ་ནས་ད་བར་ཐོན་མྱོང་མི་འདུག་པས། བཀག་སྡོམ་དང་ཕྱོགས་གཅོད་ཀྱི་ཤེད་ཆེ་ཞིང་ངོ་སྲུང་དང་ཚུལ་འཆོས་ལ་གོམས་པའི་ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་དུས་དེབ་དང་ཚགས་ཤོག དྲ་རྒྱ་དག་གིས་བརྒྱུད་འགོད་བྱས་འེ་ཡོང་སྙམ་ནས་སེམས་འཁྲལ་ཐོལ་མ་ཞིག་བྱས་ཏེ་སྡོད་པར། གྲོགས་པོ་ཞིག་གིས་ཁ་པར་སླེབས་ནས་གསར་དུ་སྒོ་ཕྱེས་པའི་ཁ་བརྡ་དྲ་རྒྱའི་དགེ་མཚན་མི་ཉུང་བ་ཞིག་བརྗོད་བྱུང་པ་ངའི་རྣ་ལམ་དུ་རྨ་བྱའི་རྣ་བར་འབྲུག་སྒྲ་ལྟར་གྱུར་ཞིང༌། གྲོགས་པོའི་ལམ་སྟོན་བཞིན་ཁ་བརྡ་བསྔོགས་ནས་དྲ་ངོས་འདིར་རང་དབང་དང་གུ་ཡངས། དཀྱེལ་ཆེ་ཞིང་སྒམ་ཚུགས་ཆེ་ལ། འགན་འཁྲིའི་སྙིང་སྟོབས་བཅས་ཀྱི་མདངས་ཤིག་ཤར་ཡོད་པ་མཐོང་བས། རང་གི་འཆི་ཁའི་གཏམ་མམ་གོམ་པ་མཐའ་མ་སྤོ་ས་ས་ཞིག་རྙེད་སོང་སྙམ་ནས་དགའ་སྤྲོ་ཚད་མེད་སྐྱེས་ལ། ད་ནི་ཁ་བརྡ་དྲ་རྒྱ་བརྒྱུད་ནས་རང་སེམས་གསོན་པོར་མྱི་ལག་ཏུ་བཞག་ཚར་བས། ཁ་བརྡའི་སྐུ་དྲིན་འཇལ་ཐུབ་ན་མ་གཏོགས་ཤི་ཡང་འགྱོད་པ་མེད།།
གཉིས་པ། རྒན་པོ་ཧོན་ལོག་དང་གསར་བུ་ཀླད་སྟོང༌། ད་དུང་གཞན་དག
ངས་དྲ་ངོས་ཀྱི་བསམ་ཚུལ་ཐད་མིན་གྱི་མཆན་བུ་ཉི་ཤུ་རྩ་གྲངས་ཤིག་ཞིབ་བཀླགས་བྱས་པར། བློ་མཐུན་མང་པོ་ཞིག་གིས་ལྷག་བསམ་རྣམ་དག་གིས་རང་གི་ལྟ་ཙུལ་བརྗོད་འདུག་པར་གུས་བརྩི་དང་སྤྲོ་དགའི་རབ་ཏུ་བརྟས་མོད། ཡིད་ཐང་ཆད་པའི་སྐད་ཆ་རེ་གཉིས་མཐོང་རྒྱུ་འདུག་པ་ནི་རྒད་པོ་ཧོན་ལོག་དང་གསར་བུ་ཀླད་སྟོང་སོགས་རེད། སྐད་ཆ་འདི་དག་མི་རིག་པ་ཅན་གྱིས་བཤད་རྒྱུའི་ཚིག་ཅིག་མ་རེད་དེ། སྔར་ནས་སྐད་ཆ་བཤད་སྟངས་འདིས་ང་ཚོའི་རིག་པའི་དཔའ་བོ་དག་གི་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་ཁོར་ཡུག་ལ་གོད་ཆག་ཆེན་པོ་བཟོས་པ་རེད་ལ། དུས་དེང་སང་ཡང་ངན་རྟགས་འདིའི་རྔ་མ་གཅོད་མ་ཐུབ་པ་ནི་ང་ཚོའི་བཀག་རྒྱ་ཆེ་ཤོས་ཤིག་རེད། སྐད་ཆ་འདི་ལྟ་བུ་རེ་གཉིས་ཐོན་ཡང་ང་ཚོའི་དཔེ་དེབ་དང་དུས་དེབ། ཚགས་པར། དྲ་ངོས་ཡོད་ཚད་བཙོག་པ་འཁོར་རྒྱུགས་བྱེད་སར་བསྒྱུར་གྱིན་འདུག་པས། སྨྱུག་འཛིན་པ་ཞིག་བྱེད་རྒྱུ་ཡིན་ཚེ་གནས་ལུགས་བརྗོད་པ་ལས་མི་འཚང་བསྔོགས་མི་ཉན་པའི་རྒྱུན་ཤེས་འདི་གོ་བར་གྱིས་ཤིག་ཅེས་སྨྲའོ།།