རྫ་ཚེ་རིང་བཀྲ་ཤིས།
ཡོལ་མོ་གངས་ར་མདོ་སྡེ་ཕལ་ཆེན་ལས།། རྒྱལ་བས་ལུང་བསྟན་སིང་ག་ལ་ཡི་ཚལ།། སྟོན་པ་ཤཱཀྱ་ཐུབ་པར་གསོལ་བ་འདེབས།། སངས་རྒྱས་བསྟན་པ་རྒྱས་པར་བྱིན་གྱིས་རློབས།།
ཨོ་རྒྱན་ཆེན་པོས་སྦས་གནས་བྱིན་གྱིས་བརླབས།། པདྨའི་ཚལ་ཞེས་ཆོས་གཏེར་རྒྱ་མཚོས་བསྐངས།། སློབ་དཔོན་པདྨ་འབྱུང་གནས་གསོལ་བ་འདེབས།། ཉིན་མཚན་དུས་དྲུག་ཀུན་ཏུ་ཐུགས་རྗེས་ཟུངས།།
དེང་སྐབས་མི་མང་གི་གླུ་གཞས།
ཆབ་མདོ་ངག་ཕུན་གྱིས་ཕུལ།
རྒྱ་ནག་དམར་པོའི་སྲིད་གཞུང་།། ཆོས་ལྡན་བོད་ཀྱི་ཞིང་ལ།།
དྲག་པོའི་བཙན་འཛུལ་བྱས་ནས།། བོད་མི་འབུམ་ཕྲག་བསད་སོང་།།
རིས་མེད་ཆོས་སྡེ་ཆེན་པོ།། དྲུག་སྟོང་ལྷག་ཙམ་གཏོར་སོང་།།
ཆོས་ལྡན་བོད་ཀྱི་ཞིང་ལ།། སྡུག་གི་མུན་པ་རུབ་སོང་།།
ནང་བཅུད་ཕུན་སུམ་ཚོགས་ཤིང་། །ཕྱི་ཡི་བཀོད་ལེགས་ལྡན་པར།།
ཡར་རྒྱས་ཁ་དབྱངས་སྒྲོག་ནས།། ཐལ་རྡུལ་ཉིད་དུ་སྒྱུར་སོང་།།
དྲི་བ་དང་གོ་བ།
སྒང་པ་དགེ་ལེགས།
ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིར་མང་གཙོའི་ཁེ་དབང་ཇེ་ཆེར་སོང་བ་ནས་མི་རེ་རེའི་སྤུ་མདོག་གི་ཁྱད་པར་ཇེ་ཆེར་སོང་ཞིང་། སྤུ་མདོག་རེ་རེའི་ཕག་ན་ཀླད་རྒྱ་ཆེ་ཆུང་དང་རྣ་བའི་སྲབ་མཐུག བསམ་པའི་དཀར་ནག་དང་མིག་གི་ཆུམ་ཚད་སོགས་ཕྱོགས་མང་པོ་ཞིག་ནས་མི་འདྲ་བའི་བར་ཁྱད་ཀྱི་རྒྱང་ཐག་མངོན་གསལ་ཇེ་ཆེར་ཕྱིན། མཐོ་ས་ནས་ཁྲིམས་བཟོ་ལྷན་ཁང་གི་ཁྲིམས་བཟོ་བའི་ཁྲོད་ཀྱི་རྒྱལ་ཁབ་དང་སྒྲིག་འཛུགས་ཀྱི་ འཆིང་ཐག་དང་ཀ་བ་ལྟ་བུའི་ཁྲིམས་ལ་རྨོངས་བ་དང་ཁྲིམས་ལ་མི་བརྩི་བའི་གཏུམ་སྤྱོད། དམའ་ས་ནས་ཐབ་ཚང་དང་གསང་སྤྱོད་གཙང་བཟོའི་ཆེད་ལས་པ་ཚོའི་ཁྲོད་ཀྱི་སྤྱི་བའི་སྟོབས་ཤུགས་ཀྱི་གཞི་རྩ་ལ་ཅི་མི་སྙམ་པར། ཞེན་ཁོག་ཡན་གར་བའི་ཆེད་དུ་ཤེས་བཞིན་དུག་འཐུང་གིས་གཏམ་ཡན་གྱི་རྗེས་སུ་འུར་ཞོགས་དང་ཟིང་སློང་གི་རྩིང་སྤྱོད་ལ་ཤ་ཐང་རུས་ཐང་དུ་འབད་པའི་སྨྱོ་སྤྱོད་སོགས། རང་ཉིད་རྨོངས་པའམ་ཡང་ན་ཁེ་ཕན་བྱེ་བྲག་པའི་ཆེད་དུ་གོང་བུའི་ནུས་པ་ལ་གས་ཁ་གཏོད་ཅི་ཐུབ་བྱེད་པའི་བྱ་སྤྱོད་ཀྱིས། གནས་ལུགས་འདི་འདྲ་ཞིག་ཀྱང་གསལ་འདེབས་བྱེད་བཞིན་མེད་དམ་སྙམ་སྟེ། མང་གཙོའི་ལམ་ལུགས་འདི་དོར་མ་ཞིག་ཡིན་པའི་དབང་དུ་བཏང་ན་ང་ཚོ་ལ་རིང་དྲགས་ཏེ་གོམ་པ་སྤོ་མི་ཐུབ་ཅིང་། གོམ་པ་སྤོས་ན་ཐང་ལ་འགྱེལ་ནས་ཁ་ཆག་སྣ་རལ་དུ་འགྱུར་འགྲོ་བ་དང་། ཞྭ་མོ་ཞིག་ཡིན་པའི་དབང་དུ་བཏང་ན་ང་ཚོ་ལ་ཆེ་དྲགས་ཏེ་ཡ་ཐོད་བཀབ་ནས་མིག་མདུན་མཐོང་མི་ཐུབ་ཅིང་། མདུན་དུ་བསྐྱོད་ན་གཡང་ལ་ལྷུང་ནས་ཤ་ཉོག་རུས་ཉོག་ཏུ་གཏོང་སྲིད་པ་ནི་གཏན་ཚིགས་མང་པོ་མི་དགོས་པར་ད་ལྟའི་མཐོང་སྣང་འདི་ཁོ་ནས་ཀྱང་བདེན་དཔང་བྱེད་ཐུབ།
པ་ཀི་སི་ཐན་གྱི་ངར་ལྕགས་སྲས་མོ།
གཟི་མིག
“ངས་འཇིག་རྟེན་འདིར་སེམས་དཔའ་ཆེན་མོ་ཞིག་མ་རྙེད་པས་ངས་རང་ཉིད་སེམས་དཔའ་ཆེན་མོ་ཞིག་ཏུ་འགྱུར་ཐབས་བྱེད་ཀྱིན་ཡོད།” དེ་ནི་འོབས་དོང་དུ་ལྷུང་བའི་མི་མོ་ཞིག་གི་ཁེར་རྐྱང་གི་འབོད་སྒྲ་ཡིན་ལ། དེ་ནི་སྤྱི་ཚོགས་ཀྱི་ཆེས་དམའ་སར་སྙེག་པའི་བུད་མེད་རྣམ་དག་ཅིག་གི་འུ་ཐུག་པའི་ངུ་སྐད་ཡིན།
འདས་པའི་ལོ་ཤས་ནང་བྲིན་རྒྱུག་ཆེ་བའི་ཡུ་ཊུ་ཕུ་སྤྱི་ཚོགས་དྲ་ལམ་སོགས་སུ་འཁོར་ལྡན་རྐུབ་བཀྱག་ཐོག་བསྡད་པའི་བུད་མེད་གཞོན་ནུ་མ་ཞིག་གི་གཏམ་བཤད་ཅིག་ལ་མི་གྲངས་ས་ཡ་ ༢༠ ལྷག་གིས་ལྟ་ཉན་བྱས་འདུག བུད་མེད་དེ་ནི་ཨེ་ཤི་ཡའི་ལྷོ་ཕྱོགས་རྒྱལ་ཁབ་པ་ཀི་སི་ཐན་ནས་ཡིན་ཞིང་། མིང་ལ་མུ་ན་བྷ་མི་ཛ་རི་ (Muniba Mazari ) ཟེར་གྱི་ཡོད་འདུག བུད་མེད་དེས་སྐྱོ་གདུང་དང་ན་ཟུག་གིས་ཁེངས་བའི་ལོ་ཟླ་མང་པོར་ཁ་གཏད་དུ་ལངས་ཏེ། རང་ཉིད་ཀྱིས་བཅོས་མིན་གྱི་བརྩེ་འདང་དང་འཚོལ་སྙེག་གི་ལམ་དུ་ཞུགས་པའི་མི་ཚེ་དེར་ཀུན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་ཡོད་པ་མ་ཟད། བྲན་གཡོག་གི་ལས་སུ་བཀོལ་བའི་ཡུལ་ལུང་དེ་དང་དེའི་རིགས་འདྲིས་སུ་གྱུར་བའི་རྒྱལ་ཁབ་ཁག་གི་བུད་མེད་ས་ཡ་མང་པོས་མུ་ན་བྷ་མི་ཛ་རི་ལགས་ལ་“པ་ཀི་སི་ཐན་གྱི་ངར་ལྕགས་སྲས་མོ་”ཞེས་ངར་ལྕགས་ཀྱི་གཤིས་སུ་གྲུབ་པའི་བུད་མེད་དེར་བསྟོད་པའི་མཐེ་བོ་སྒྲེང་ནས་ཡིད་སྨོན་འཆོར་བཞིན་འདུག
གལ་ཏེ་ང་ཤི་སོང་ན་དཔེ་ཆ་འདི་གསུམ་དྲན་རྟེན་དུ་འཇོག།
རྔ་བ་ཀུན་བཟང་།
གཅིག 《བོན་གྱི་ལམ་རིམ་སུམ་བརྒྱ་པ》ཡིན་ཏེ། གཞུང་འདི་དང་འབྲེལ་ནས་མི་ལོ་བཅུ་གཅིག་ཙམ་སོང་། དཔེ་ཁྲིད་དང་དཔྱད་ཞིབ་དུ་མ་བྱེད་པའི་ཁྲོད་ནས་བཤད་ན། བརྗོད་བྱ་ཡི་ནང་དོན་བོན་གྱི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་སྤྱི་དང་། ལྷག་པ་ཏུ་དོན་དང་པོ་བླ་མ་བསྟན་པ་ནས་མཐའ་མ་ཞལ་གཏམས་བར་སྐྱེ་བོ་གསུམ་གྱི་ལམ་གྱི་རིམ་པ་ཆ་ཙང་བསྟན་པའི་གཞུང་གོ་བདེ་ལ་ཚིག་སྦྱོར་ལེགས་པས་གང་ཟག་སུ་ཀློག་ན་མིག་ལམ་ལ་གློག་བརྙན་ལྟར་ཤར་བའི་འཁོར་འདས་ཡི་གནས་ལུགས་བསྟན།
དེ་ལས་མང་བ་། “གལ་ཏེ་ང་ཤི་སོང་ན་དཔེ་ཆ་འདི་གསུམ་དྲན་རྟེན་དུ་འཇོག། ” »
༄།། རྗེ་བཙན་བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོ་དཔལ་བཟང་བོའི་རྟོགས་པ་བརྗོད་པ་ཐར་ལམ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།
དགེ་འདུན་རྒྱ་མཚོ།
༐ བློ་བཟང་རབ་ཡངས་མཁྱེན་པའི་མཁའ་ལ་ལེགས་བཤད་ཆུ་འཛིན་འབུམ་དཀྲིགས་ཏེ།། ལུང་རིགས་གྲུ་ཆར་རྟག་ཏུ་འབེབས་ལ་བཤད་སྒྲུབ་རླུང་གི་འགྲོས་བཟང་མྱུར།། བསྟན་པའི་དེ་ཉིད་འཛིན་ལ་དབང་འབྱོར་མཁས་གྲུབ་བྱེ་བའི་གར་འཕྲེང་ཅན།། ཐར་འདོད་རྐང་འཐུང་སྐྱོང་བའི་མགོན་ཁྱོད་ཟུར་ཕུད་མཛེས་པའི་རྒྱན་དུ་བཞུགས།། ༐ཕྱོགས་བཅུའི་ཞིང་ན་ཇི་སྙེད་བགྲང་ཡས་ས་ཡི་རྡུལ་དང་མཉམ་པའི་བདེར་གཤེགས་གངྒཱའི་ཀླུང་ཉིད་ལ།། མཆོད་པའི་མེ་ཏོག་སྙིམ་པར་འཆིང་རྣམས་མི་ཕྱེད་དད་པའི་རི་བོ་ལྷན་ཅིག་ས་ལ་བསྙིལ་བྱེད་ཅིང་།། བསྔགས་པའི་ཚིག་འཕྲེང་ཨུཏྤལ་ལྟེ་བར་སྦྲང་རྩི་རྐང་བ་འགོས་རྣམས་མྱོས་པའི་གླུ་དབྱངས་མཐོར་བཏེགས་ཏེ།། དངོས་བརྒྱུད་བླ་མའི་ཡོན་ཏན་ཆ་ཙམ་ཇི་བཞིན་བརྗོད་ལ་དགེ་ཚོགས་བསྡུ་ཞེས་རྒྱལ་རྣམས་མགྲིན་གཅིག་གླེང་།།
ངའི་སྐད་དང་ཡི་གེ།
གསལ་ལེ་རྒྱལ།
བརྗོད་བྱའི་དོན་དང་ཚིག་གི་སྦྱོར་བ་སོགས།།
ཡིད་ལ་འཐད་པ་ཅི་ཡང་མེད་ན་ཡང་།།
དགའ་སྐྱོ་ཆགས་སྡང་ཚོར་བའི་རི་མོ་དག།
དབྱངས་གསལ་སོ་བཞིའི་གཟུགས་སུ་འགོད་པར་བརྩོན།།
བྱུང་ན་ཁ་བ་རི་བའི་སྐད་ཡིག་གི།།
ཚེ་ལ་སྲོག་གི་གཟུངས་འཇུག་འཐོབ་པར་གྱིས།།
མ་བྱུང་ན་ཡང་རང་སེམས་འགྱོད་པའི་རྒྱུ།།
ཡིག་རིགས་གཞན་པའི་དབང་དུ་མ་གྱུར་ཅིག།
རི་བོ་དེའི་རྣམ་ཤེས།
ཁྲོ་གཏུམ།
ཀི་རིང་བཏབ་པས་རླུང་རྟའི་ཤོག་ལོ་མཁའ་རུ་མཐོ་རུ་འཕུར
རི་བོ་དེའི་རྣམ་ཤེས
མི་དེ་དག་གི་སེམས་ཕུར་རུ་གྱུར
དུང་བུད་པས་བསང་དུད་ཀྱི་འབྲུག་ཆུང་མཁའ་ལ་ལྡིང
རི་བོ་དེའི་རྣམ་ཤེས
ངས་མེས་པོའི་ཤུལ་བཞག་ལས་ཐོན་པའི་གནའ་རྫས་དག་མ་ཡིན
ཐེམ་བཀག་གློད་རྗེས།
གསལ་ལེ་རྒྱལ།
རྒྱ་ནད་ཀྱི་དབང་གིས་གཞི་བདག་ཚོའང་ཐེམ་བཀག་བཀའ་རྒྱས་བསྡམས་ནས་ལོ་གཉིས་ཙམ་འགོར། ཁ་སང་གཞི་ནས་ཐེམ་བཀག་གློད་རྗེས་གཉན་ཆེན་ཐང་ལྷའང་ག་ལེར་སྒོར་བུད།
ཐེམ་བཀག་གློད་རྗེས་མི་ཚང་མ་ཕྱིར་རུ་ཐོན་ཏེ་རྡ་སའི་རྒྱ་ལམ་གྱི་འདུ་འཛི་སྔར་བཞིན་གནས། མི། བ་ལང་། ཁྱི། རླངས་འཁོར་སོགས་མཉམ་དུ་སྲང་ལམ་དུ་ཐོན། ཡར་འགྲོ་ལ་བལྟས་ན་ས་ཆ་འདིའི་མྱི་ཟོག་ཚང་མ་ཡར་ལ་འགྲོ་བ་ལྟར་སྣང་ཞིང་། མར་འགྲོ་ལ་བལྟས་ནའང་དེ་བཞིན་ཚང་མ་མར་ལ་འགྲོ་བ་ལྟར་སྣང་། འཚང་ཁ་དེའི་བར་ན་མི་ཞིག་བྲེལ་བས་རྒྱུག་ས་ག་ལ་ཡོད་དེ་བྱེའུ་ཞིག་འཕུར་ནས་འགྲོ་སའང་མི་འདུག རེད་དེ། གནས་གང་ཞིག་ནས་ཚུལ་ཇི་ལྟར་ཕེབས་པ་མ་ཤེས་མོད། གཉན་ཆེན་ཐང་ལྷ་སླེབས་སོང་། ཁོང་ལ་ཆ་རྒྱུས་མེད་ནའང་ཚིག་ཐག་ཆོད་པོས་བཤད་ཐུབ་པ་ཞིག་ལ། ཁོང་ནི་རྒྱུག་པ་ལེབ་རྡུང་ལ་དགའ་བ་མ་ཟད་ནག་རྒྱག་ལ་དགའ་བའི་གཞི་བདག་ཅིག་ཡིན་པ་འདྲ། ལོ་ངོ་གཉིས་ཀྱི་ཐེམ་བཀག་དེའི་དབང་གིས་གཉན་ཆེན་ཐང་ལྷས་སྤེན་པ་ཚེ་རིང་ངོ་ག་ལ་ཤེས་ཏེ”སྲིད་སྐྱོང”ཞེས་པའི་ཐ་སྙད་དེའང་བརྗེད་པར་གྱུར། བོད་མིའི་འོས་བསྡུ་དང་གྲོས་ཚོགས་ཀྱི་རྙོག་དྲ་སོགས་ཅི་ཡང་གོ་ཐོས་བྱུང་མེད་པ་འདྲ། སྲིད་སྐྱོང་སྤེན་པ་ཚེ་རིང་གི་གདོང་ལ་བལྟས་ནས”འགོ་བ་གང་ན་ཡོད” ཅེས་སྐད་བརྒྱབས་པ་དེར་བལྟས་ན་ཕལ་ཆེར་ཁོས་སྲིད་ཟུར་བློ་བཟང་སེང་གེ་འཚོལ་བཞིན་པ་འདྲ། ཡར་ལྟ་མར་ལྟ་བྱས། ལག་པས་སྙོབ་ཚད་ལ་ཁུ་ཚུར་གཡུག “འགོ་བ་གང་ན་ཡོད”ཅེས་སྐད་བརྒྱབས། སྤེན་པ་ཚེ་རིང་ལ་གནས་ཆུང་གིས་རྒྱུགས་པ་གཞུས་པའི་ཉམས་མྱོང་ངམ་སུན་པ་ཡོད་པས་ཞེད་ཐག་ཆོད་དེ་༧གོང་ས་མཆོག་གི་སྐུ་རྒྱབ་ལ་ཡིབ་ནས་བལྟས། རྒྱ་རི་སྒྲོལ་མ་སྐྲག་ནས་ཧེ་བཏབ།
ཟུར་པ།
ཧ་ཆེ་ཕ་ལུ།
དེ་ནས་ཉོན་དང་ཤ་ཉེ་གྲོགས་པོ་ཚོ། །
ཕྲུ་གུ་སྐྱེས་དུས་རྒད་པོ་ཡིན་དོགས་མེད། །
མཐའ་མ་རྒད་པོ་མིན་པ་མེད་དོགས་མེད། །
ཕྲུ་གུ་མ་ཡི་ཁོག་ཏུ་ཤི་བ་མང་། །
དེ་འདྲ་བསམས་ན་ཟུར་པ་བསོད་ནམས་ཆེ། །
ཟླ་ཤས་སྔོན་ནས་དྲ་ཚོམ་འགའ་དང་ངོ་དེབ་ནས་ཡི་གེ་དག་པོ་མེད་པའི་རྩོམ་ཡིག་ཐན་ཐུན་དང་། འཁྱོལ་ལ་མ་འཁྱོལ་བའི་སྐད་ཆ་འདི་འདྲ་བ་འགའ་འདུག
གཟའ་མཇུག་སློབ་གྲྭར་ཡིག་ཚད་ཀྱི་ཡུལ་དངོས།
ཁྲོ་གཏུམ།
ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༢ ཉིན། འདི་ག་ཨོ་གླིང་གནས་མཁར་གསར་གཟའ་མཇུག་སློབ་གྲྭའི་དངོས་གཞི་དང་རྨང་གཞི་འཛིན་གྲྭ་གཉིས་སུ་དམིགས་བསལ་ཡིག་རྒྱུགས་ཤིག་བཏང་ཞིང་།
དེ་ཡང་ཕྱི་ལོ་ ༢༠༢༢ ལོའི་NSW མངའ་སྡེ་ཡི་རིག་གཞུང་སྣ་ཚོགས་ཁྱབ་ཁོངས་སུ། མངའ་སྡེ་བློན་ཆེན་བྱ་དགའ་ཞེས་པ་ཞིག་ལོ་ལྟར་གནང་སྲོལ་ཡོད་པ་བཞིན། ད་ལོའི་གནས་མཁར་གསར་གཟའ་མཇུག་སློབ་གྲྭའི་འཛིན་གྲྭ་གཉིས་སུ་བྱ་དགའི་ཆ་རྐྱེན་ལྟར། དམིགས་བསལ་ཡིག་རྒྱུགས་སྐབས་སུ། ས་གནས་ཤེས་རིག་ལས་ཁུངས་ཀྱི་རིག་གཞུང་སྣ་ཚོགས་ཀྱི་འགན་ཁུར་མི་སྣ་ལྕམ་སྐུ་Kara Matheson མཆོག་ཆེད་ཕེབས་ཀྱིས་གཟིགས་ཞིབ་གནང་བ་མ་ཟད། ཡིག་རྒྱུགས་སུ་ཞུགས་མཁན་རྣམས་མཉམ་དུ་འདྲ་དཔར་བསྐྱོན་གནང་སོང་།
གྲོས་ཚོགས་ཨེ།
སུམ་པ་དཔལ་ལྡན་གྱིས།
ལས་རིམ་རྣམ་གཞག
གྲོས་ཚོགས་ཚོགས་བཞིན་པར་ཉན། ཚོགས་མི་ཚོའི་ལུས་ངག་ཡིད་གསུམ་གྱི་ཁྲོམ་འདུས་དེར་ཡང་མྱུལ། ལས་རིམ་རྣམ་གཞག་གཅིག་འཕྲོར་གཅིག་བྱས་ནས་བཞུར་ཡོང་གི་འདུག ཆུ་ལོག་བཞིན་རེད། དེ་ནི་ཚོགས་གཙོ་ལ་ཚོགས་གཙོའི་འཇོན་ཐང་མེད་སོང་བས་རེད།
དབྱིན་ཚིག་བེད་སྤྱོད་གཏོང་མཁན་ལྡབ་གྱིས་མང་འཕར་བྱུང་སོང་། ཧྥ་སྐད་ཤེས་མཁན་གྱིས་དབྱིན་སྐད་ཀྱི་ཚབ་ལ་ཧྥ་སྐད་བརྒྱབ་ཆོག་པའི་བཀའ་འཁྲོལ་ཞུས་ནས་རང་ཉིད་ཀྱིས་ཧྥ་སྐད་ཤེས་པ་དེ་ཡང་བརྒྱབ། བྱེད་སྟངས་འདི་ཚོ་ནི་ཕལ་ཆེར་ཚོགས་གཙོ་ལ་ཚོད་རྩིས་ཤིག་ཡིན་ས་རེད། ཚོགས་གཙོར་མཚོན་ན་ཀླད་པའི་ནང་ལ་མུན་པ་འཐིབས་བྱེད་དེ་རེད། གང་ལ་ཟེར་ན། ཚོགས་གཙོ་ལ་སྐད་སྒྱུར་བ་མེད་ན་རང་ཀི་ཀླད་པའི་ནང་ན་སྐད་ཡིག་ཕར་སྒྱུར་ཚུར་སྒྱུར་གྱི་རིག་གནས་མ་ལག་ཡོད་པ་མ་རེད། འདིའི་ཐད་ན། ཚོགས་གཙོ་ནི་གཤོག་པ་ཡ་གཅིག་ལས་མེད་པའི་བྱ་རྒོད་ནད་པ་ཞིག་ཡིན། བྱ་རྒོད་གཤོག་ཆད་ཅིག་གིས་བྱ་ཁྱུ་ཞིག་གི་མདུན་བསུས་ནས་འཕུར་སྟངས་ཤིག་མེད།
བཀྲ་ཕུན་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་འདུག
ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༢ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལ། ཕྱི་ ༣ ཚེས་ ༢༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ལྔ་པ་ཡས་མས་སུ་རང་ལོ་ ༨༡ ཡིན་པའི་བཀྲ་ཕུན་ལགས་ཀྱིས་རྔ་པ་ཀིརྟི་དགོན་པར་ལྟ་རྟོག་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་མདུན་དུ་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་རྗེས་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་འདུག་ལ། རྗེས་སུ་སྐུ་གྲོངས་ཡོད་འདུག འདས་པའི་ལོ་མང་རིང་ཕྱི་ཟླ་གསུམ་པ་ནམ་ཡིན་ལ་རྒྱ་གཞུང་གིས་རྔ་པ་མི་མང་ལ་རྒྱུན་ལྡན་ལས་ལྷག་པའི་དམ་བསྒྲགས་དང་སུན་གཙེར། འདྲི་གཅོད་དང་བཀག་འགོག་སོགས་ཀྱིས་དཀའ་ངལ་རབ་དང་རིམ་པ་བཟོས་པ་ལྟར་འདི་ལོ་ཡང་ཕྱི་ཟླ་གསུམ་པའི་ནང་དམིགས་བསལ་དམ་བསྒྲགས་ཆེན་པོ་བྱས་ཡོད་འདུག་ལ། བོད་ནང་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས་བོད་མི་ཆེས་མང་པོ་ཞིག་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བསྐྱལ་དང་སྐྱེལ་བཞིན་པའི་གནས་བབ་དེ་གསལ་འདོན་བྱས་པ་ཡིན་པའི་འགྲེལ་ཀྱང་བརྗོད་གནང་།
དེ་ལས་མང་བ་། “བཀྲ་ཕུན་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་འདུག” »
འཆི་གསོན་བར་གྱི་འབྲེལ་བ། (གཉིས་པ།)
ཡི་གེ་པ་མི་གསོན་པོ།
ངས་དགའ་སྤྲོ་དང་དངངས་འཚབ་འདྲེས་མའི་སེམས་ཀྱི་ཚོར་འདུ་བརྗོད་མི་ཤེས་པ་ཞིག་དང་ལྷན་སྒོ་ཕྱེས་པ་ཡིན། བསམ་ཡུལ་འདས་པ་ཞིག་ལ་མོས་མོ་རང་གི་གྲོགས་མོ་ཡང་ཁྲིད་ནས་སླེབས་འདུག ངའི་སེམས་གཏིང་ནས་སྐྱོ་གདུང་གི་ཚོར་སྣང་ཞིག་སྐྱེས་བྱུང་ཡང་གདོང་ནས་འཛུམ་མདངས་བསྟན་གང་ཐུབ་བྱས་ཏེ། ནང་དུ་ཕེབས་པར་དགའ་བསུ་ཞུས་པ་ཡིན། མོས་ཀྱང་ང་དང་མོ་རང་གི་གྲོགས་མོ་གཉིས་ཕན་ཚུན་ངོ་སྤྲོད་བྱས་ཏེ་གྲོགས་མོ་དེ་མོ་རང་ཆུང་དུས་ཀྱི་གྲོགས་མོ་ཡག་ཤོས་དེ་ཡིན་པའང་ནན་བརྗོད་བྱས་སོང་། བུ་མོ་དེའི་མིང་ལ་ཁྱེད་ཀྱིས་ཨན་ཞེས་བྲིས་ན་ཆོག འདི་ཡང་ཁོ་མོའི་མིང་ཚབ་ཙམ་ལས་མིང་ངོ་མ་དེ་མ་རེད། སྒྲོལ་མ་ནི་ངའི་ཉལ་ཁང་ལ་ཧང་སང་ཏེ་ཁྱོད་ངོ་མ་སྐྱིད་པོ་རེད། ང་ཚོའི་ཉལ་ཁང་ནང་དུ་བུ་མོ་དྲུག་མཉམ་དུ་བསྡད་ཡོད་ཟེར། ངས་ཁྱོད་རང་ལ་འདོད་པ་ཡོད་ན་འདིར་སྤོས་ན་འགྲིག་གི་རེད་ཅེས་ཀུ་རེ་ཞིག་བྱས། དེ་ཡིན་ན་ང་དེ་རིང་ནས་སྤོ་རྒྱུ་ཡིན་ཞེས་མོ་རང་མཆོང་ལྡིང་བྱས་ཏེ་ངའི་ཉལ་ཁྲིའི་སྒང་དུ་གན་རྐྱལ་དུ་འགྲིལ་སོང་ལ་སྤྲོ་སྣང་ཆེན་པོས་འགྲེ་ལོག་ཁ་ཤས་བརྒྱབ་སོང་། ཨན་གྱིས་”སྨྱོན་མ”གཟབ་ཙམ་གྱིས་མ་གཏོགས་ཉལ་ཁྲི་བཅག་ཡོང་ཞེས་དྲན་བསྐུལ་བྱས་ཐལ། ངས་ཀྱང་ཀུ་རེའི་ཚུལ་དུ་ཉལ་ཁྲི་ཆག་ན་ཁྱོད་ཚུར་མ་སྤོས་གོང་དུ་སློབ་གྲྭས་ང་ཕར་སྤོ་བཅུག་རྒྱུ་རེད་ཅེས་བཤད་དེ་ང་ཚོ་གསུམ་ཀ་ཧབ་དགོད་བྱས།
ཁ་བའི་མེ་ལྕེ།
འཆི་གསོན་བར་གྱི་འབྲེལ་བ། ༼མུ་འགོད།༽
ཡི་གེ་པ་མི་གསོན་པོ།
(མཚན་མཐུན་ཆགས་སྤྱོད་མཁན་གྱི་བུད་མེད་ཅིག་རང་གི་མཛའ་གྲོགས་ཤི་རྗེས་སུ་ནང་པའི་ཉམས་ལེན་པ་ཞིག་གྱུར་པའི་དངོས་སྒྲུང་། སྒྲུང་འདིའི་ནང་དུ་ཆགས་སྲེད་དང་ཞེ་སྣང་ཆེ་བའི་ཤི་འདྲེ་སོགས་ཀྱི་གནས་ཚུལ་འཁོད་ཡོད་པས་དེ་དག་གཟིགས་འདོད་མེད་པ་དག་གིས་མ་བཀླག་ན་བཟང་།)
ངས་རང་ཉིད་ནང་ཆོས་ལ་དོ་སྣང་དང་དད་འདུན་སླེབས་པའི་བརྒྱུད་རིམ་དེ་བཤད་ཆོག། སྐད་ཆ་འདིར་ཡིད་ཆེས་མཁན་ཡང་ནང་ཆོས་ལ་ཡིད་ཆེས་ཡོད་མཁན་ཁོ་ན་ཡིན་ངེས། ཁྱོད་ཀྱིས་ངའི་མིང་དངོས་སུ་མ་བྲིས་ན་ལེགས། རྒྱུ་མཚན་ནི་ངའི་ཉེ་འཁོར་གྱི་མི་མང་པོ་སླར་ཡང་ཕོ་ཐུག་གཏོང་འདོད་མེད། འོན་ཏེ་ངས་རང་ཉིད་ཀྱི་ནོར་འཁྲུལ་དང་གདུག་རྩུབ་ཆེ་བའི་བྱ་སྤྱོད་དེ་ཡིག་ཐོག་ཏུ་འཁོད་ཐུབ་ན་བསམ། འདི་ནི་ངས་ལན་ཆགས་དང་བུ་ལོན་ཆད་ཟིན་པའི་ངའི་མཛའ་གྲོགས་ལ་བཤགས་སྡོམ་དང་། ངའི་ཚེ་སྲོག་ཉེན་ཁ་ལས་བསྐྱབས་ཤིང་འཇིགས་སྣང་ལས་བསྒྲོལ་བའི་ནང་ཆོས་ལ་རྗེས་དྲན་ཞིག་ཀྱང་ཡིན། ཁྱེད་ཀྱིས་ཤེས་སམ། ངའི་ཆུང་དུས་ཀྱི་འཚོ་བ་ནི་ཧ་ཅང་སྤྲོ་སྣང་ལྡན་ལ་ཡིད་དུ་འོང་བ་ཞིག་ཡིན། ང་སྐྱེས་པའི་གྲོང་ཁྱེར་ནི་ཨ་རི་ཤར་ཕྱོགས་སུ་སྐད་གྲགས་དང་ལོ་རྒྱུས་རང་བཞིན་ཅན་གྱི་བྷོ་སི་ཊོན་རེད། ཁྱེད་ཀྱང་ཐེངས་མང་དེར་འགྲོ་མྱོང་ཡོད་ངེས་རེད། གྲོང་ཁྱེར་དེ་དགུན་དུས་གནམ་གཤིས་ཅུང་གྲང་བ་ཙམ་ལས་གཞན་ཡོད་ཚད་ལྟ་བ་སྡུག་པ་ཞིག་རེད། ད་དུང་གྲོང་ཁྱེར་ནང་ཧར་བྷ་ཌི་གཙུག་ལག་སློབ་ཆེན་སོགས་ཤེས་ཡོན་གྱི་བསྟི་གནས་དང་། འགྲེམ་སྟོན་ཁང་། སྤྱི་གླིང་སོགས་ཤིན་ཏུ་མང་ལ་ཡོད་ཚད་བརྗིད་ཆགས་དང་མཛེས་སྡུག་ལྡན་པ་ཤ་སྟག་རེད། ད་དུང་རླབས་ཆེན་གྱི་ཨ་རི་མང་སྡེ་ཆིག་སྒྲིལ་གྱི་རྒྱལ་ཁབ་ཀྱང་གྲོང་ཁྱེར་འདི་ནས་དབུ་བརྙེས་པ་རེད། ངས་རྟག་ཏུ་རང་ཉིད་གྲོང་ཁྱེར་འདི་ཡི་ནང་དུ་སྐྱེས་པ་ལ་སྤོབས་པ་བྱེད་ཀྱི་ཡོད། ངའི་ཕ་མ་གཉིས་ཀྱང་འབྱོར་བ་ལྡན་ཞིང་ལས་གནས་མཐོ་བ་སོགས་ཀྱིས་ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་ལེགས། ངའི་གཅེན་པོས་ཀྱང་ང་ལ་བརྩེ་ཞིང་རྟག་ཏུ་བལྟ་སྐྱོང་གང་ལེགས་བྱེད་ཀྱི་ཡོད། དེས་ན་ངས་ཆུང་དུས་ཀྱི་འཚོ་བའི་ནང་དུ་དཀའ་ཁག་ཅི་ཡང་བྱུང་མ་མྱོང་ཞེས་བཤད་ན་རྫུན་ཡིན་སྲིད་མོད་དཀའ་སྡུག་ཆེན་པོ་ཞིག་མྱོང་བ་ངོ་མ་སེམས་ནས་མི་དྲན།
བལ་ཡུལ་ནས་རྒྱ་གར་དུ་ལོག་ཡོང་བའི་ཟིན་ཐོ།
ཚེ་བརྟན་བཀྲ་ཤིས།
ཞོགས་ཟས་མ་བྱེད་ཙམ་གྱི་གོང་དེར་ “ཏིར་ ཏིར་ ཏིར་” ཞེས་ཁ་པར་ཞིག་འབྱོར། ལྟ་ཙམ་བྱས་པས་མིང་ལ་ཨ་བེ་ཤེག་ཅེས་གསལ་བས་མདང་དགོང་གླས་པའི་གླ་འཁོར་ཁ་ལོ་པ་ཡིན་པ་ཤེས་ཏེ་ཁ་པར་བླངས། “ཏིང་ཅོ་ལེ་སུམ་མདོར་སྒུག་སྡོད་”ཅེས་བརྗོད་ཁུལ་ཡང་གོ་བརྡ་མ་འཕྲོད་པས། གཅུང་མོས་བལ་སྐད་ཐོག་ནས་ “ཡོང་གི་ཡོད། དེར་སྒུག་སྡོད་”ཅེས་བརྗོད་མཚམས་ཁ་པར་བཞག ཞོགས་ཇར་བག་ལེབ་དང་སྒོ་ང་གྲ་སྒྲིག་བྱས་འདུག་ཀྱང་སྤགས་བཟས། དེ་ནས་ཚ་བོ་དང་ཚ་མོར་མུ་མཐུད་སློབ་སྦྱོང་བྱེད་གལ་ཆེ་བ་དང་ཨ་མའི་ཁར་ཉན་དགོས་པའི་བསླབ་བྱ་ཏོག་ཙམ་བརྒྱབ་རྗེས་ནང་ནས་ཐོན།
གཅུང་མོའི་ཁྱིམ་མཚེས་ལ་ “བཞུགས་ཨཱ་” ཞེས་ལབ་དགོས་བསམ་ཡང་སྒོ་བརྡུང་མ་ཕོད་པར་ཁ་ཐུག་ཕྱིན། དེ་ནས་སྒོ་ཕྱི་མ་དེར་སླེབས་དུས། “ཝེ་ ཝེ་ ཝེ་” ཞེས་སྒེའུ་ཁུང་ནས་བོས་པ་གོ་བས་ཡར་ལྟ་དུས་ཁྱིམ་མཚེས་ཨ་ཅག་དང་ཨ་ཅག་གི་ཟླ་བོ་སྐལ་ལྡན་གཉིས་ནས་ “ཏོག་ཙམ་སྒུག་དང་” ཞེས་བརྗོད་པས། སྒོ་འགྲམ་དེར་ཏོག་ཙམ་སྒུག་པས་སྐལ་ལྡན་ལག་ཏུ་ཁ་བཏགས་ཤིག་དང་ལམ་ལ་གསོལ་ཇ་མཆོད་ཅེས་ཤོག་ཆགས་ཤིག་འཁུར་ནས་སླེབས། ཨུ་ཚུགས་བྱས་པས་མ་ལེན་ཀ་མེད་བྱུང་། སྐལ་ལྡན་ནི་རྩོམ་ཡིག་སྔ་མ་ “བོད་ཀྱི་སྐད་ཡིག་གི་གལ་གནད་གླེང་བ་” ཞེས་པའི་ནང་ངོ་ཤེས་ཤིག་ནས་ཤར་བའི་མི་རིགས་འགའ་ཞིག་ལ་བོད་ཀྱི་གཞས་དང་ཞབས་བྲོ་སློབ་ཀྱི་ཡོད་པར་གསལ་བའི་ངོ་ཤེས་དེ་རེད།
ཆུང་དུས་དམ་པའི་བཤེས་དང་མ་མཇལ་ན།
ཆི་ཝེས་ཀྱིས་བརྩམས།
སྒོ་ཤེས་རབ་ཀྱིས་བསྒྱུར།
ཟླ་དགུ་པ་ནི་ཏག་ཏག་བྱིས་པ་རྣམས་སློབ་གྲྭར་འགྲོ་བའི་དུས་སུ་ཁེལ་ཡོད་པས། དབུས་བརྙན་འཕྲིན་ཁང་གི་མདོ་འཛིན་མ་ཀྲང་ཆོན་ལིང(张泉灵)ཡང་རང་གི་བུ་ཆུང་སློབ་གྲྭར་ཞུགས་པའི་ཁྱིམ་བདག་ཚོགས་འདུ་ལས་ཕྱིར་ལོག་མ་ཐག་རེད། ཚོགས་ཐོག་ཏུ་སློབ་གཙོས། རྒྱ་ནག་དང་ཉི་ཧོང་གི་སློབ་གྲྭ་སོ་སོས“ཤིང་རྟ་ལོའི་རྒྱ་ཉིའི་དམག་འཁྲུག”སྐོར་ལ་རྒྱུགས་ལེན་སྟངས་མི་འདྲ་ཚུལ་བཤད་པ་ཁོ་མོའི་རྣ་བའི་བུ་གར་ལྷུང་།
འདི་ལྟ་སྟེ། རྒྱ་ནག་པས། ཤིང་རྟ་ལོའི་མཚོ་ཐོག་འཁྲུག་རྩོད་དེ་ག་དུས་ཤིག་ལ་བྱུང་བ་ཡིན་པ་དང་། དམག་འཁྲུག་དེ་ལ་ལོ་རྒྱུས་ཀྱི་དོན་སྙིང་ཅི་ཞིག་ཡོད་སོགས་འདྲི་ཞིང་། མཐར་དེ་ལ་དགེ་རྒན་གྱིས་སྡོམ་ཚིག་རིགས་ལྔ་ཙམ་བཀོད་རྗེས། དེ་རྣམས་སློབ་མ་ཚོའི་བློ་ལ་ངེས་སུ་བཅུག་སྟེ། ནམ་ཞིག་རྒྱུགས་སྤྲོད་སྐབས་དེ་དག་ལས་གང་ལ་ལན་མ་ཐེབས་ན་སྐར་མ་གཅོག་པ་རེད།
ཀླད་ཀོར།
བསེ་རུ།
ཏང་གི་བཀའ་དེ་བཙན་པོ་ཡིན་ནོ་ཟེར།།
ཏང་གི་དབུ་ཁྲིད་བཀའ་དྲིན་ཆེ་ལོ་ཟེར།།
ཏང་གི་མངའ་འོག་མྱ་ངན་ལྕི་འོ་ཟེར།།
ཡོད་ཚད་ཏང་གིས་དབང་སྒྱུར་རེད་དོ་ཟེར།།
ཞིང་ལས་འཕྲུལ་ཆས་ཅན་དུ་བསྒྱུར་ན་ཡང་།།
རྨོན་གཡག་རྨོན་མཛོའི་བཀའ་དྲིན་བརྗེད་མེད་ཟེར།།
ཏང་གི་བཀའ་བཀོད་ཇི་ལྟར་གནང་ན་ཡང་།།
སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་བྱེད་དོ་ཟེར།།
ཡུག་རན་གྱི་དམག་འཁྲུག་ལ་བལྟས་རྗེས་ཆིག་སྒྲིལ་གྱི་དོན་སྙིང་གླེང་བ།
ལྡོང︎ཁྲི་མིག
ཉིན་འདི་ཚོར་འཛམ་གླིང་ས་ཁུལ་གང་མང་ན་དྲང་བདེན་དང་ཞི་བདེ། རང་དབང་དང་འདྲ་མཉམ་གཙིགས་ཆེན་བྱེད་པ་ཚོས། རྒོལ་ཚིག་སྣ་ཚོགས་ཚོན་མདངས་མི་འདྲ་བའི་ཤོག་ཐོག་ལ་དཔར། རས་ཐོག་ལ་བྲིས། དར་ལ་འཕྱར་གོས་སུ་ཡང་གྱོན་ཏེ་སྐད་གསེང་མཐོན་པོས་སྤྱི་སྒེར་གྱི་ངོ་བོ་མི་འདྲ་བའི་ཐོག་ཡུག་རེན་ལ་རྒྱབ་སྐྱོར་དཔུང་རོགས་ཡིན་པའི་ཁུལ་གྱིས་རྔམ་སྟོན་ཞི་རྒོལ་བྱེད། དེ་ལ་བསྔགས་བརྗོད་ཡོད་དོ། ཨ་རི་སོགས་ཡུ་རོབ་རྒྱལ་ཁབ་ཚོས་ཕོའུ་ཁྲན་ལ་དཔལ་འབྱོར་ཁྲིམས་ཆད་ཉེན་བརྡ་བཏང་པ་སོགས་ལ་ཧོབ་དེ་བལྟས་ཚེ་ཞི་བདེ་འདྲ་མཉམ་གཏོར་མཁན་ནི་ཧ་ལམ་ཕོའུ་ཁྲན་གཅིག་བུ་མིན་ན་སྙམ་པའི་ཚོར་ཤུགས་དྲག་པོ་ཞིག་ཀྱང་བཅོས་མིན་ངང་གིས་སྟེར་རོ། ད་དུང་ལ་ལས་ཨུ་རུ་སུའི་བྱེད་ཕྱོགས་ཀྱིས་འཛམ་གླིང་ཡོངས་ལ་ཉེན་ཚབས་ཆེན་པོ་བཟོས་པར་ཆ་བཞག་སྟེ་རང་རང་སོ་སོའི་ཆབ་སྲིད་ལངས་ཕྱོགས་སུ་ཁེན་ནས་འཚང་ཁ་ཤིག་ཤིག་དང་དཔུང་གདང་མཉམ་མཉམ་ཡང་བྱེད་དོ། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་ལོ་ངོ་བདུན་བཅུ་རིང་ཞི་དུལ་བག་ཕབ་ཀྱི་སྒམ་ཚུགས་བཟུང་ཞིང་དྲང་བདེན་འདྲ་མཉམ་གྱི་སྦམ་མདོག་དོད་པའི་ས་ཆེན་པོ་འདི་ཡང་ད་ལྟ་འཇིགས་སྐྲག་གིས་འདར་ཡོམ་ཡོམ་དང་དངངས་འཚབ་ཀྱིས་འཕག་ཚག་ཡང་བྱས་པས་རང་གཤིས་ངོ་མ་ལྷིང་ལ་བུད་གྲབས་བྱེད་དོ། དྲང་མོར་བཤད་ན་ཕོའུ་ཁྲན་གྱིས་དྲག་ཤུགས་དང་གོ་མཚོན་གྱི་ངར་ཐོག་ནས་ཡུ་ཀེ་རེན་ལ་བཙན་འཛུལ་གཉའ་གནོད་བཏང་པ་དམར་པོའི་ལོ་རྒྱུས་ཀྱི་ནོར་འཁྲུལ་བཀྲུས་ན་འདག་ཐབས་མེད་པ་ཞིག་ལོས་ཡིན་མོད། དེ་ལས་ཚབས་ཆེ་བ་ཞིག་ལ་ཨ་རི་སོགས་ཀྱིས་ཉམ་ཆུང་དཔུང་རོགས་ཀྱི་ཚུལ་དུ་ཡུ་ཀེ་རེན་གྱི་ཕྱོགས་སུ་ལངས་ནས་ཨུ་རུ་སུ་རྩ་རྫོགས་བྱེད་འདོད་པའི་རེ་ངན་དེ་ཡང་དམངས་གཙོའི་ལྟ་གྲུབ་ཀྱི་ངོས་ནས་བཤད་ན་དམངས་གཙོ་ལོག་སྤྱོད་བྱས་པ་རེད།
དེ་ལས་མང་བ་། “ཡུག་རན་གྱི་དམག་འཁྲུག་ལ་བལྟས་རྗེས་ཆིག་སྒྲིལ་གྱི་དོན་སྙིང་གླེང་བ།” »