རྔ་བ་ཀུན་བཟང་།
མཐོ་སྒང་གི་རྣམ་ཤེས་ལགས། རང་ཡུལ་རང་སྟོབས་ཀྱི་མྱོང་དུས། རང་གཟུགས་རང་སེམས་ན་ཤར་དུས། ཁྱེད་གང་ན་ཡོད། མཐོ་སྒང་ན་ཁྱོད་མེད་པས། ངའི་རྩ་བ་ཆུ་ཡི་འཁུར་ནས་རྩེ་མོ་རླུང་གིས་གཏོར་སོང་། ངས་བཟོད་སྒོམ་གྱི་མཐའ་ལ་ཐུག་ཏེ་ཨུ་ཚུགས་ཀྱི་སྙིང་ཁ་གཟར་བྱུང་། ངས་སྙིང་གཏམ་གྱི་རླུང་ཁ་འགྱུར་ནས་བརྩེ་དུང་གི་བཟི་གཏམ་ཤོར་སོང་།
མཐོ་སྒང་གི་རྣམ་ཤེས་ལགས། བྱུ་རུ་དམར་ཆུང་ཟད་པ་འཇིག་རྟེན་གྱི་ཆོས་ཉིད་ཡིན་ནམ། སྡོང་མགོའི་བྱ་ཚང་འཐོར་བ་འཁོར་བའི་གནས་ལུགས་ཡིན་ནམ། གཟུགས་མེད་སེམས་པ་འཁྱགས་ནི་འཚོ་བའི་མྱོང་བ་ཡིན་ནམ། སྡོང་མགོའི་བྱ་ཚང་འཐོར་ནས་རང་རང་གི་འཕུར་ལམ་བསྙད་དུས་ཁྱེད་གང་ལ་འགྲོ། བྱུ་རུ་དམར་ཆུ་ཟད་ནས་ཕྲེང་ཐག་རིང་མོ་ལྷུང་དུས་སུ་ལ་བཤད། སྡོང་ལོ་ས་ལ་ལྷུང་ནས་ལོ་མའི་མཛེས་ཉམས་ཤོར་དུས་སུ་ལ་འབོད།