ཚོགས་ཟུར་སྤེན་པ་ཚེ་རིང་།
སྔོན་གླེང་།
༄༅། །ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡༡ ཚེས་ ༦ ཉིན་གྱི་ཨ་རིའི་སྔ་དྲོའི་ཆུ་ཚོད་ ༧་༢༨ ཐོག་བཀའ་ཤག་གི་ལས་ཤོག་ཐོག་ “ཉིད་རང་ལ་ཟླ་ཤས་གོང་དུ་སྐུ་ཚབ་དོན་གཅོད་ཀྱི་ཁུར་བབས་ལས་དོན་ཞུ་ཕྱོགས་ཐོག་ཉེན་བརྡ་མཐའ་མ་དེ་གཏོང་དགོས་གྱུར་ཡོད་པ་དང་། ད་ཆ་བཀའ་ཤག་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གཏོང་གལ་གཟིགས་ཏེ། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༣༠ ནས་ཉིད་རང་གི་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་མཚམས་འཇོག་དགོས་རྒྱུར་བཀའ་ཤག་ནས་སྤྱི་མོས་ཐག་གཅོད་བྱས་པ་ཡིན་”ཞེས་སྲིད་སྐྱོང་གིས་མཚན་རྟགས་བཀོད་པའི་བཀའ་ཡིག་ (ཡིག་ཆ་ཨང་ ༡) དེ་དོན་གཅོད་ལས་ཁུངས་དང་ང་རང་སྒེར་གྱི་གློག་འཕྲིན་ཁ་བྱང་གཉིས་ཀའི་ཐོག་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་ནས་བཏང་གནང་འདུག