– རྔ་བ་ཀུན་བཟང་།
དང་པོ། ༼ དེབ་དང་འཕྲད་ཚུལ།༽
<<སེམས་ཁྲལ་མ་བྱེད་སྤྲོ་ཐུང་བྱོས>> ཞེས་པའི་དེབ་འདི་ཟླ་གཅིག་གོང་ལ་བདག་གིས་ << འཇའ་ལམ་ཁྲ་མོ>> བཀླགས་པའི་མྱོང་བ་ཐུང་ཐུང་ཞིག་བྲིས་པའི་ལེགས་སྐྱེས་སུ་ང་ལ་གནང་བྱུང་། སྐབས་དེ་དུས་ང་ཞི་བདེའི་གྲོང་ལ་ཡོད། གཡས་གཡོན་ན་དྲྭ་མི་བཟང་བས། ཞོགས་པ་སྔ་མོ་ཞིག་ལ་འཚིག་ཇ་ཁང་ཞིག་ཏུ་སོང་ནས་ངས་གློག་འཕྲིན་ནས་ཕབ་ལེན་བྱས། དགོངས་མོ་ནང་ལ་ཡོང་ནས་དེབ་གྱི་སྔོན་གླེང་ནས་ཀློག་འགོ་བཙུགས། ད་གཟོད་རྩོམ་པ་པོ་ཨ་ཇན་བྷི་རམ་ལགས་དང་རྒན་པད་མ་ཚེ་དབང་གཉིས་ཀ་ངོ་ཤེས། རྩོམ་པ་པོ་དང་སྒྱུར་པ་པོ་གཉིས་ལ་མཚོན་ན། ཨ་ཇན་ནི་ཉམས་ལེན་པ་དང་། བསམ་བློ་བ། རྩོམ་པ་པོ་ཞིག་རེད་ལ། རྒན་ཚེ་དབང་ནི་བརྩམས་སྒྲུང་བ་དང་། ལོ་རྒྱུས་མཁན། སྐད་ཡིག་མང་པོ་ལ་མཁས་པའི་མི་ཞིག་ཡིན་དུས། ཁ་དཔེ་ལ། “དེབ་རེ་ཀློག་ན་མི་ཆེན་རེ་འཕྲད་”ཞེས་པ་ལྟར་དེ་རིང་ཡང་ལས་སྐལ་བཟང་བས་རྒན་རབས་པ་གཉིས་ངོ་ཤེས།།