“འགྱུར་བརྒྱ་རྩ་བརྒྱད་”ཀྱི་ལས་གཞིའི་ཁོངས་ནས་ཉེ་ཆར་འགྲེམ་སྤེལ་བྱས་པའི་དཔེ་དེབ་ བུ་ཨ་ལེག་བཟན་ཌ་ ཌུ་མས་བརྩམས་ཤིང་རྡོ་རྗེ་ཚེ་བརྟན་གྱིས་བསྒྱུར་བའི་ “ཨ་ཅེ་མེ་ཏོག་གཡང་འཛིན་མ།”ཞེས་པ་དེ་ལ་རྩེའི་དྲ་རྒྱ་དང་དམ་ཆོས་འཕྲུལ་དེབ་ཀྱི་དྲ་རྒྱ་གཉིས་ནས་ཕབ་ལེན་བྱེད་ཐུབ་པ་འདུག འཕྲུལ་དེབ་འདི་ནི་ཟླ་འདིའི་ཚེས་ ༡༧ ཉིན་དངོས་སུ་བཀྲམས་ཡོད་འདུག་ལ། འཕྲུལ་དེབ་ebook དང་ PDF གཉིས་ཀའི་ཐོག་ཕབ་ལེན་བྱེད་ཐུབ་པ་མ་ཟད། དེ་དག་ནི་རིན་མེད་དུ་འགྲེམ་སྤེལ་བྱས་པ་ཞིག་རེད། དེ་དག་གི་འབྲེལ་ཐག་ནི་གཤམ་གསལ་ལྟར་རོ།།
བོན་གྱི་དཔེ་དེབ་ཅིག་ངོ་སྤྲོད།
སྔོན་གླེང་གཤེན་བོན་སྨྲང་གྱེར། སྤྱིར་ན་“ལོ་ངོ་འབུམ་ཕྲག་དུ་མའི་ཡར་སྔོན་དུ་གོ་ལ་འདིའི་སྟེང་ན་མ་མཐའ་མི་རྒྱུད་མི་འདྲ་བ་དྲུག་ལྷན་དུ་འཚོ་གནས་བྱས་ཡོད་”པའི་སྐོར་སྙན་གྲགས་ཅན་གྱི་དཔེ་དེབ་<<མིའི་རིགས་ཀྱི་ལོ་རྒྱུས་སྙིང་བསྡུས་>>སོགས་ལས་གསལ་བ་མ་ཟད། མཚོ་བོད་མཐོ་སྒང་དུའང་མ་མཐའ་ལོ་ཁྲི་ཚོ་འགའ་ཤས་གོང་ནས་འགྲོ་བ་མི་འཚོ་སྡོད་བྱེད་ཀྱི་ཡོད་པའི་ལོ་རྒྱུས་ཀྱི་དངོས་དཔང་རྙེད་དེ། སྟོན་པ་ཐུབ་པའི་དབང་པོ་འདས་རྗེས་སུ་གཞི་ནས་བོད་དུ་མཚོ་སྐམ་ནས་མིའི་འགྲོ་བ་ཆགས་རབས་སོགས་ཆོས་ཞེན་གྱི་སྒྲུང་གཏམ་དེ་དག་གི་མཐིལ་ཡོངས་སུ་བརྟོལ་ཟིན་པས། ང་ཚོས་བོད་མཐོ་སྒང་དུ་ཤེས་རིག་གི་དེད་དཔོན་ཆེན་པོ་སྟོན་མཆོག་གཤེན་རབ་མི་བོ་ཆེ་བྱོན་ནས་ད་བར་མི་ལོ་ཇི་ཙམ་སོང་ཡོད་མེད་གཟུ་བོའི་བློ་ཡིས་ད་དུང་བརྟག་དཔྱད་དགོས་གལ་ཆེ་མོད་ཀྱང་། གལ་ཏེ་སྲོལ་རྒྱུན་ལྟར་ཆིག་ཁྲི་ལྷག་ཙམ་འགོར་ཡོད་པའི་དབང་དུ་བཏང་རུང་བློ་ངོར་མི་ཤོང་བ་དང་ཡ་མཚན་དགོས་པའི་གནས་ཚུལ་ཅི་ཡང་མིན་པར་འདོད། གང་ལྟར་ཀྱང་དུས་ཇི་ཙམ་ནས་སྨྲ་ཤེས་ཤིང་དོན་གོ་བའི་འགྲོ་བ་མི་ཡོད་པ་དེ་ཙམ་ནས་ཤེས་རིག་འཕེལ་རྒྱས་འགྲོ་བའི་འགོ་ཚུགས་དགོས་པ་ནི་བྱུང་བ་རིག་པའི་སྤྱི་འགྲོས་ནས་དཔོག་ཐུབ་ཅིང་། བོད་གངས་ཅན་ལ་ཆ་མཚོན་ན་དམིགས་སུ་བཀར་ནས་ཤེས་རིག་འཐུས་ཚང་དང་ཚད་ལྡན་གྱི་ཐོག་མའི་སྲོལ་བཏོད་པའམ་ཤེས་ཡོན་པའི་སྣེ་ཁྲིད་མཁན་རླབས་ཆེན་གྱི་སྐྱེས་བུ་དེ་ནི་སྟོན་པ་གཤེན་རབ་མི་བོ་ཆེ་ཡིན་པར་སྨོས་སུ་མེད་ལ། སྐབས་དེའི་ཚེ་དེའི་དུས་ཀྱི་ཤེས་རིག་གི་རྨང་གཞི་ཐོག་མ་དེ་ཡང་འཇིག་རྟེན་བདེ་བྱེད་ཀྱི་རྒྱུ་ཡི་བོན་བཞི་འདི་དག་ཡིན་པ་བོན་གྱི་ལོ་རྒྱུས་རྣམས་སུ་ཡོངས་གྲགས་ཡིན་པར་ལྟར། ལོ་རྒྱུས་འཕེལ་འགྱུར་གྱི་དབང་དུ་བྱས་ནའང་དང་པོ་ཚེ་འདིའི་བདེ་ཐབས་དོན་དུ་གཉེར་བའི་བསམ་བློ་རགས་པ་ནས་རིམ་བཞིན་རྒྱུ་མཚན་གྱི་སྒོ་དུ་མར་གཞིགས་ཏེ་སྐྱེ་བ་སྔ་ཕྱིའི་རྣམ་བཞག་འཇོག་པའི་བློ་རིག་ཕྲ་བ་རྣམས་འཕེལ་རྒྱས་སུ་འགྲོ་དགོས་པ་དེ་བས་ཀྱང་སྨོས་མེད་ཡིན་པས་སོ། ། མདོར་ན་བོད་གངས་ཅན་གྱི་ཡ་ཐོག་གི་ཤེས་རིག་ནི་“ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྐོར་”དང་ཁ་འབྲལ་ཐབས་མེད་པའི་འབྲེལ་བ་དམ་ཟབ་ལྡན་པར་མ་ཟད། དུས་ད་ལྟའི་བར་དུའང་རང་རེའི་ཆོས་དང་རིག་གཞུང་ཡོད་ཚད་ཀྱི་གློ་སྙིང་ནང་ཁྲོལ་དང་ཤ་རུས་པགས་གསེང་དུ་“ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྐོར་”འདི་དག་སིམ་འཛུལ་བྱས་ཡོད་སྟབས། བོད་ཀྱི་རིག་གཞུང་ལ་གལ་འགངས་ཆེ་ཆེ་ལྟར་བརྩི་བཞིན་དུ་བོན་ལ་དམའ་འབེབས་དང་དམན་པར་བལྟ་བ་ནི་རང་མགོ་ཆུ་བླུག་གི་དཔེ་ལས་མ་འདས། བོན་པོ་མ་ཡིན་པའི་སྤྱི་ཚོགས་ནང་བོན་གྱི་ཆོས་དང་རིག་གཞུང་ལ་གཟིགས་རྟོག་བྱེད་མཁན་ཉུང་བའི་ཚོད་ལ་གཞིག་ན། “ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྐོར་”འདི་ལ་ཅུང་ཟད་ཐུགས་སྣང་དང་གླེང་སློང་བྱེད་མཁན་མང་བ་དེ་ནི། བོན་སྒོ་འདིས་བོད་ཀྱི་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་དབང་གིས་བོད་གླེང་ས་ལ་བོན་མ་གླེང་ཐབས་མེད་ལྟ་བུར་ཆགས་ཡོད་པས་ཡིན། དེ་ལྟར་གླེང་སློང་མཁན་ཅུང་ཟད་མང་བའི་ཚོད་ལ་གཞིག་ན། གཞི་བཤད་མཁན་ནི་ད་དུང་ཚད་དམའ་ས་དང་། འཕྲང་དོག་ས་ཞིག་ཏུ་ལུས་སྡད་པའི་ཚོར་བ་འགོག་མེད་དུ་སྟེར། དེའི་རྒྱུ་མཚན་ནི། རང་རེ་བོད་ཀྱི་མཁས་པར་འཆེ་བ་ཕལ་མོ་ཆེས་རང་ཉིད་ཆོས་བརྒྱུད་བྱེ་བྲག་པ་གང་ལ་གཏོགས་པ་དེ་ཙམ་ལས་མིག་རྒྱང་གཞན་དུ་བསྐྱེད་པའི་ལམ་སྲོལ་དང་དྲང་ཚུགས་མེད་ཅིང་། ཉེ་རབས་ཀྱི་མཁས་པ་ཕལ་ཆེ་བས་གལ་ཏེ་“ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྐོར་”ལྟ་བུའི་བོད་རང་སའི་ཆོས་དང་རིག་གཞུང་གི་ཐད་ནས་ངེས་པར་དུ་གླེང་དགོས་བྱུང་ན། ནུབ་ཕྱོགས་ཞིབ་འཇུག་པ་ག་གེ་མོའི་གཡམ་ལ་རྒྱུགས་པ་ཙམ་དུ་ཟད། ཕྱི་གླིང་པ་བརྒྱ་ཆ་དགུ་བཅུ་ཡས་མས་ཀྱིས་འཛམ་གླིང་སྤྱི་ཡི་གནས་སྟངས་ལ་ཚད་མཇལ་ནས་བོད་གནའ་རབས་ཀྱི་ཆོས་རིག་ལ་སྡོམ་ཚིག་བཏབ་པ་ཙམ་ལས། དངོས་སུ་ཁ་ཡོད་ལག་ཡོད་ཀྱི་དཔེ་ཆའི་ནང་དོན་བསྔོགས་པའི་སྐད་ཡིག་གི་མཐུན་རྐྱེན་དབུལ་ཞིང་། གལ་ཏེ་སྐད་ཡིག་ཙམ་ལ་མ་རྨོངས་རུང་གཏིང་ཟབ་པའི་ནང་དོན་གོ་འགྲེལ་ཐུབ་མཁན་ནི་ཉིན་མོའི་སྐར་མ་ལས་ཀྱང་ཉུང་། དེ་བས་བོད་རང་སའི་ཆོས་ལུགས་ལ་ཐུགས་སྣང་བྱེད་མཁན་ཉུང་ཤས་རེ་ཡོད་པ་དག་གིས་ཐ་སྙད་སྐམ་པོ་ཙམ་ལ་གཤིབ་བསྡུར་བྱེད་པ་ལས་ནང་དོན་ཟབ་མོ་དེ་དག་གི་བྲོ་བ་མྱོང་བའི་སྐལ་པ་ཐོབ་པ་ནི་སྲིད་མཐའ་ཙམ་དུ་གྱུར། རང་རེའི་བོད་པ་ཚོས་ཕྱོགས་གཅིག་ནས་བོད་གངས་ཅན་པ་ནི་འཛམ་གླིང་མི་རིགས་ཀུན་གྱི་ནང་ནས་ཕུད་དང་ཡང་རྩེ་ཡིན་སྐོར་རང་སྣང་སྐྱིད་པའི་གཏམ་བཤད་རྒྱུར་དགའ་ཡང་། ཕྱོགས་གཞན་ཞིག་ནས་མི་རིགས་རང་གི་ཕ་མེས་ཡང་མེས་རྣམས་ཀླ་ཀློ་དང་སྤྲ་སྤྲེལ་གྱི་རྣམ་པར་བསྙད་ཅིང་བོད་ཡུལ་ནི་མུན་ནག་དང་གདུག་རྩུབ་ཀྱི་འཇིག་རྟེན་ཞིག་སྟེ། ལེགས་ཚོགས་ཡོད་རྒུ་ཁྱིམ་མཚེས་ཀྱི་རྒྱལ་ཁབ་ལ་ཕར་གཏུགས་པའི་འདུ་ཤེས་དེ་དུས་ད་དུང་ཡང་དོར་མེད། ཆ་ཡོད་རྒྱུས་ཡོད་ཀྱི་རྒན་རབས་རྣམས་གཅིག་རྗེས་གཉིས་མཐུད་དུ་མི་རྟག་གཞན་དབང་གིས་ཞིང་ཁམས་བརྗེས་ཤིང་། མི་རབས་གསར་པ་ཉུང་ཤས་ཤིག་འཚར་ལོང་འབྱུང་བཞིན་ལགས་ཀྱང་ཁོར་ཡུག་རྐྱེན་དབང་གིས་ལྟ་གྲུབ་བརྗེས་ཏེ། ད་ལྟ་རང་རེའི་ཤེས་རིག་རྣལ་མ་ནི་ཕྱི་ནང་གི་གཉེན་འཕྲང་དུ་མའི་བར་ན་སྐྱ་ཟད་སྔོ་སྡུག་ཅིག་ཏུ་འགྱུར་བཞིན་པའི་སྐབས་འདིར། རྩོམ་པ་པོ་ཁོང་གིས་རང་ཉིད་མི་ལོ་ཉི་ཤུ་མ་ཟིན་ཙམ་གྱི་རིང་རང་རེ་བོད་མཐོ་སྒང་གི་ཤེས་རིག་ངོ་མ་ཐེག་པ་རིམ་དགུས་མཚོན་པའི་བོན་གྱི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་དང་དཔྱད་ཞིབ་བགྱིས་པར་མ་ཟད། ལྷག་བསམ་ཆེར་བསྐྱེད་ཀྱིས་སླར་ཡང་ཆེད་མངགས་མི་ལོ་གསུམ་གྱི་རིང་“ཆབ་ནག་སྲིད་པ་རྒྱུ་ཡི་བོན་སྐོར་”ལ་བསྐྱར་སྦྱོང་དང་ཉམས་ཞིབ་བགྱིས་ཏེ་གྲུབ་འབྲས་ཡིག་ཐོག་བཀོད་པ་འདི་ནི། རྒྱུས་མེད་རྣམས་ཀྱིས་སྟོང་གཏམ་བཤད་པ་དང་གཏན་ནས་མི་འདྲ་བར། རྒྱུས་ཡོད་ཅིག་གིས་རྒྱུས་གཏམ་གླེང་བ་ཡིན་པས་ཕྱོགས་གང་ཅིའི་ཐད་ནས་དགེ་མཚན་སྣ་མང་ལྡན་པར་བདག་གིས་གདེང་སྤོབས་ཆེན་པོའི་སྒོ་ནས་ཞུ་འདོད་བྱུང་། ལར་ནས་བོད་ཀྱི་ཆོས་དང་རིག་གཞུང་རྣམས་ཆུ་འགོ་གངས་གཏུགས་ཀྱིས་འགོ་ཁུངས་དང་ཕུགས་རྩ་ངེས་པར་དུ་ཤེས་དགོས་ན། “ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་”ནི་དེའི་གཞུང་ཤིང་ངམ་བླ་སྲོག་ལྟ་བུ་ཞིག་ཡིན། བོད་དང་ཧི་མ་ཡའི་རི་རྒྱུད་ཀྱི་སྤྱི་ཚོགས་སུ་མོ་བོན་སྨན་རྩིས་དང་བསང་གསོལ་ཀླུང་དར་འཛུགས་པ་སོགས་རྒྱུན་གཏན་གྱི་འཚོ་བའི་ནང་ཁ་འབྲལ་ཐབས་མེད་པའི་ཆོས་དང་རིག་གཞུང་ཕལ་མོ་ཆེ་ནི་“ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་”་ཁོངས་སུ་གཏོགས་ཤིང་། དེ་ལྟར་དུའང་ཀུན་གྱིས་མགྲིན་དབྱངས་གཅིག་གྱུར་དུ་ཞལ་གྱིས་བཞེས་མོད། དེས་མོ་རྩིས་གཏོ་དཔྱད་ཀྱི་བོན་སྐོར་རྣམས་འགྲོ་བ་མི་རྣམས་ཀྱི་འཚོ་བའི་ནང་དགོས་མཁོ་དང་བྲིན་རྒྱུག་ཆེ་བར་མཚོན་ཐུབ་པ་ལས། དེ་ཙམ་གྱིས་བོན་བསྟན་ཡོངས་རྫོགས་ཁ་ཚོན་ཆོད་པ་ག་ལ་ཡིན་ཏེ་མ་ཡིན་ནོ། ། སྟོན་པ་གཤེན་རབ་ཀྱིས་ཐོག་མར་མོ་རྩིས་གཏོ་དཔྱད་སོགས་རྒྱུ་བོན་བཞི་བསྟན་དགོས་དོན་ནི། གནད་དོན་གཉིས་རང་ལ་ཐུག་པར་གསུངས་པ་སྟེ། དང་པོ། སངས་རྒྱས་བསྟན་པ་སྐྱོང་བར་བྱེད་པ་ལ་ཚེ་འདིར་ཕན་བདེ་ལེགས་ཚོགས་ཀྱི་དཔལ་ཡོན་དར་དགོས་པར་བརྟེན་འཇིག་རྟེན་བདེ་བྱེད་རྒྱུ་ཡི་བོན་དེ་སྔོན་དུ་བསྟན་པར་གསུངས། གཉིས་པ། ཐབས་ལ་མཁས་པའི་འདུལ་བྱེད་ཀྱི་སྟོན་པས་གདུལ་བྱ་འགྲོ་བའི་དཔྱོད་ཤེས་ཀྱི་བློ་རིག་གོང་འཕེལ་འགྲོ་བའི་བརྒྱུད་རིམ་དང་བསྟུན་ནས་བོན་གསུངས་དགོས་པ་སྨོས་མེད་ཡིན་པས། དང་ཐོག་འབྲས་བུའི་བོན་གསུངས་པའི་སྣོད་མེད་སྟབས་མི་རྣམས་རང་འབྱུང་གི་ཁམས་ཆེན་པོར་འཚོ་བའི་ནང་འགལ་རྐྱེན་སེལ་བའི་རྒྱུ་བོན་དེ་དག་གསུངས་པར་བཤད་པས། རྒྱུ་མཚན་དེ་གཉིས་ནི་ལོ་རྒྱུས་དངོས་གཙོ་དང་མཐུན་པ་ཞིག་ཡིན་པར་སོང་། ཁས་ལེན་འདོད་ཡོད་མེད་གང་ལྟར་ཀྱང་དོན་དངོས་ཀྱི་བྱུང་བ་ཞིག་ཏུ་ཆགས་ཡོད། ཕྲན་ཆུང་རང་ཉིད་ནི་རྩོམ་དེབ་འདི་ཐོག་མར་དབུ་བརྩམས་ནས་མཐར་དཔར་དུ་མ་བཏབ་བར་གྱི་བརྒྱུད་རིམ་ལ་རྒྱུས་མངའ་ཆེ་ཤོས་དེ་ཆགས་ཡོད་སྟབས། མཚམས་འདི་ནས་དཔེ་དེབ་ཀྱི་ནང་དོན་མཚམས་སྦྱོར་ཉུང་བསྡུས་ཤིག་ཞུ་རྒྱུ་ཡིན། དང་པོ། སྔོན་འགྲོའི་ལེའུ་རུ་དེང་དུས་ཉམས་ཞིབ་ཀྱི་དཔྱད་རྩོམ་འབྲི་བའི་ལམ་ལུགས་ལྟར་ཁ་བྱང་བདམས་པའི་དམིགས་ཡུལ་དང་། ད་ལྟའི་བར་དཔྱད་བརྗོད་ཀྱི་གནས་བབ། དཔྱད་བརྗོད་ཀྱི་ཐབས་ལམ། དཔྱད་གཞིའི་ཡིག་ཚང་ངོ་སྤྲོད་བཅས་ཚན་པ་བཞི་རུ་བགོས་ཏེ། ཁོང་གིས་བརྗོད་གཞི་འདི་ཉིད་དམིགས་བཟུང་དགོས་པའི་གལ་གནད་དང་། ད་བར་འདིའི་སྐོར་གྱི་སྟོང་ཆ། ཐེངས་འདིར་སྟོང་ཆ་ཁ་སྐོང་གི་རྩོམ་ཡིག་འབྲི་བར་ཐབས་ལམ་ཇི་ལྟར་བཀོལ་ཚུལ། དེའི་རྒྱབ་བརྟེན་ཡིག་ཚང་གཙོ་ཕལ་གང་ཡིན་སོགས་གསལ་བར་བཤད་དེ་ཀློག་པ་པོ་རྣམས་སྔོན་འགྲོའི་ལེའུ་ཚན་བཞི་པོ་རོབ་ཙམ་མཇལ་བས་བརྗོད་གཞི་དངོས་ལ་འཇུག་པར་སྤྲོ་བ་འཕེལ་ངེས་སུ་བྲིས་འདུག གཉིས་པ། སྤྱིར་ན་གཡུང་དྲུང་བོན་དང་འབྲེལ་བའི་ཆོས་དང་རིག་གཞུང་ཅི་འདྲ་ཞིག་ཡིན་རུང་ཐེག་པ་རིམ་དགུ་དང་མ་འབྲེལ་བ་ཞིག་མེད་ལ། ཁྱད་པར་དུ་བརྗོད་གཞི་“ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྐོར་”ལྟ་བུར་ཆ་མཚོན་ན་བཀའ་ལྷོ་གཏེར་ལུགས་ཀྱི་ཐེག་དགུ་དང་འབྲེལ་བ་ཡོད་པ་ཙམ་མ་ཡིན་པར། ཐེག་པ་རིམ་དགུ་ལས་གཙོ་བོ་རྒྱུ་ཐེག་བཞིའི་ཁོངས་སུ་འདུས་དགོས་སྟབས། དཔྱད་རྩོམ་འདིའི་ཁོག་ཐེག་པ་རིམ་དགུ་ནས་དབུབ་དགོས་པ་ནི་གལ་འགངས་ཆེན་པོ་ཆགས་ཡོད་པ་ལྟར་ཁོང་གིས་ཀྱང་ལེའུ་གཉིས་པར་ཐེག་པ་སྤྱིའི་སྐོར་ནས། ཐེག་པའི་གོ་དོན་དང་། རྣམ་གྲངས། དེ་ཡང་ཐེག་པ་གཅིག་ནས་བརྒྱ་དང་རྩ་ལྔའི་བར་གྲངས་འདྲེན་མི་འདྲ་བ་བཅུ་སྐོར་ཙམ་ཁ་གསལ་བཀོད་འདུག བརྗོད་གཞི་རང་ལ་ཐད་ཀར་གཞིག་ན་བྱང་དབུས་གཉིས་ཀྱི་ཐེག་དགུ་ནི་སྤྱི་འགྲོས་ཙམ་ཞིག་ལས་རྒྱས་བཤད་དགོས་གལ་མེད་པ་ལྟར་སྣང་ཡང་། ད་བར་བོན་ལུགས་སུ་བྱང་གཏེར་གྱི་ཐེག་པ་རིམ་དགུའི་གནས་བབ་ལ་བསམ་ན། སྟོང་ཆ་ཆེན་པོར་ལྷག་ཡོད་པས་ཐེངས་འདིར་ཁོང་གིས་བྱང་གཏེར་ཐེག་དགུའི་སྐོར་དམིགས་བསལ་རྒྱས་པར་བྲིས་ཡོད་པ་དེས། སྤྱི་ཡོངས་ནས་ཐེག་དགུའི་སྐོར་འཐུས་སྒོ་ཚང་རུ་དང་ཁ་བསབ་གང་ལེགས་བྱུང་ཡོད་པའི་ཁར། ལྷག་པར་དུ་བྱང་གཏེར་ཐེག་པའི་སྐོར་ལ་མཚོན་ན་སྔར་མེད་ཀྱི་ལེགས་བཤད་གསར་པ་མང་པོ་བློ་ལྡན་སྐྱེས་བུ་ཀུན་གྱི་མིག་ཡིད་རྣ་བའི་དགའ་སྟོན་དུ་བསྐྲུན་པར་བསྔགས་བརྗོད་འོས་པའི་གནས་སུ་འཁུམས། གསུམ་པ། ལེའུ་གསུམ་པར་དངོས་གཞི་གཞུང་དོན་ལ་འཇུག་སྟེ། བཀའ་ལྷོ་གཏེར་གྱི་ཐེག་དགུ་རེ་རེ་ནས་སྤྱི་ཁོག་ངོ་སྤྲོད་མཛད་རྗེས། ཐེག་དགུ་དེ་དག་གི་ཁོངས་ནས་བྱུང་བའི་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྒོའི་གོ་དོན་དང་ཁྱབ་ཚད་སོགས་ལོ་རྒྱུས་དངོས་གཙོ་སྨྲ་བའི་ཐོག་ནས་འགྲེལ་ཅི་ཐུབ་གནང་འདུག་པ་དེས་གཞུང་ལུགས་སྨྲ་བ་ཙམ་མིན་པར་བྱུང་བ་རིག་པ་བ་དག་ལའང་དཔྱད་གཞིའི་སྒོ་མོ་སྔར་ལས་ཡངས་སུ་གཏོང་ཡོད་པར་བཤད་ཆོག གཞན་ཡང་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྒོ་རྒྱུ་ཐེག་བཞི་པོ་ཉམས་སུ་བླངས་པའི་འབྲས་བུའི་སྐོར་དཔེ་མང་གཤིབ་བསྡུར་མཛད་དེ་མཁས་པ་ཁག་གི་བཞེད་དགོངས་མི་འདྲ་བ་རྣམས་སོ་སོར་བཀྲལ་ཞིང་། མཐའ་མའི་འཇོག་སོ་ཇི་ལྟར་ཡིན་མིན་སྐོར་ཀློག་པ་པོ་ཚོས་སླད་ནས་ངེས་པར་དུ་དཔྱད་ཞིབ་དགོས་པའི་གལ་གནད་མང་པོ་བསྟན་འདུག བཞི་པ། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྐོར་བཤད་དུས་རང་རེ་བོད་དང་ཧི་མ་ལ་ཡའི་ཁུལ་དུ་དར་ཁྱབ་ཆེ་བའི་ཆོས་དང་རིག་གཞུང་ཕལ་མོ་ཆེ་འདུས་ཡོད་པས་གཞི་རྒྱ་ཧ་ཅང་ཆེ། དེ་བས་འདིར་ཡོད་ཚད་གླེང་བར་རྔོ་ཐོགས་པ་ཞིག་ཡོང་ཐབས་མེད་སྟབས། ཁོང་གིས་ལེའུ་བཞི་པར་གཙོ་གནད་བདམས་ཏེ་དམིགས་བཀར་གྱིས་དཔྱད་གླེང་བྱས་འདུག དེའི་སྔོན་གླེང་ལྟ་བུར་བོད་དུ་བོན་ནམ་ཞིག་དར་མིན་སྐོར་དང་། བོན་ལ་རྣམ་གྲངས་མི་འདྲ་བ་འདྲེན་སྲོལ་ཡོད་པའི་ཁྲོད་ནས་ཉེ་རབས་ཀྱི་མཁས་པ་མང་པོས་གདོད་མའི་བོན་དང་གཡུང་དྲུང་བོན་ཞེས་རིགས་གཉིས་སུ་ཕྱེས་པ་དེས་སྤྱི་ཚོགས་ནང་བོན་ལ་བཟུང་བའི་ལྟ་ཚུལ་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་པའི་སྐོར། གཞན་ཡང་བོད་ཀྱི་མཁས་པ་ལ་ལས་ཤ་ཁྲག་དམར་མཆོད་ཀྱི་ངན་ཁག་བོན་ལ་འགེལ་བའི་རྒྱབ་ལྗོངས་དང་། དོན་དངོས་སུ་བོན་ལ་དམར་མཆོད་ཆོག་མིན། བོད་དུ་དམར་མཆོད་ཤུགས་ཆེར་དར་བའི་དུས་སྐབས་བཅས་གསལ་བར་བཤད་འདུག་པ་ནི་དགོས་ས་ཆད་ཅིང་མི་དགོས་ས་ལ་ལྷག་མ་ལྟ་བུའི་དཔེ་དེབ་གཞན་དང་བསྡུར་ཐབས་མི་འདུག་ཅེས་གླེང་ན་འོས་ཤིང་འཚམས། གཙོ་གནད་དང་པོ། ཕྱྭ་གཤེན་ལས་འཕྲོས་ཏེ་རྣོ་མཐོང་མོ་པྲ་རྣམ་པ་བཞི་ཡི་སྐོར་དཔྱད་གླེང་གནང་འདུག་ཀྱང་རྒྱས་པར་འབྲི་ཐུབ་མི་འདུག དེ་ལྟར་ནའང་སྐབས་འདི་ནས་མོ་ཡིག་རྒྱས་བསྡུས་མི་འདྲ་བ་སུམ་ཅུ་ལྷག་གི་དཔེ་ཁུངས་དང་ལོ་རྒྱུས་རོབ་ཙམ་ངོ་སྤྲོད་གནང་འདུག་པ་དེས་སླད་མོ་ཡི་སྐོར་ལ་ཉམས་ཞིབ་བྱེད་མཁན་རྣམས་ལ་མཐུན་རྐྱེན་བླ་མེད་དུ་སྐྲུན་ཡོད།…