སྐྱེས་སར་ཀླུ་སྒྲུབ།
སངས་རྒྱས་ཆོས་ལུགས་ཀྱི་ངོས་ནས་བཤད་ན། རྡོ་རྗེ་གདན་ནམ། དེང་སང་ཡོངས་གྲགས་སུ་བྷོ་དྷི་གཱ་ཡ་ཞེས་པའི་གནས་འདི་སངས་རྒྱས་ཤཱཀྱ་མུ་ནེས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་གཞན་དོན་སྤངས་པ་ཕུན་ཚོགས་དང། རང་དོན་རྟོགས་པ་ཕུན་ཚོགས་མངོན་དུ་བྱས་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་སའི་གནས་ཆེན་དེ་ཡིན། མིའི་རིགས་ཀྱི་ལོ་རྒྱུས་ངོས་ནས་བལྟས་ན། གནས་འདི་ཤཱཀྱའི་རིགས་རྒྱུད་ཀྱི་རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱིས་སྔར་ཡོད་བྲམ་ཟེའི་ཆོས་ལུགས་དང་གཅེར་བུ་པའི་ཆོས་ལུགས་ཀྱི་ལེགས་ཆ་བསྡུ་ལེན་བྱས་ཏེ་སངས་རྒྱས་ཆོས་ལུགས་ཟེར་བ་འདི་གསར་བཏོད་བྱེད་ས་དེ་ཡིན་པ་རེད། དེང་སྐབས་ང་ཚོས་ངོས་འཛིན་གསལ་ཤོས་ཐོབ་པ་ཞིག་ནི། སྐྱེ་བ་སྔ་ཕྱི་ཡོད་མེད་དང། རང་རེ་འཛམ་གླིང་འདིའི་སྐྱེས་བུ་ཞིག་གིས་ཐར་བའི་གོ་འཕང་མངོན་དུ་བྱེད་ཐུབ་མིན་སོགས་ཐུན་མོང་མ་ཡིན་པའི་ཆོས་ལུགས་ཀྱི་འདོད་ཚུལ་དེ་ཚོར་དོས་སློང་བྱེད་མི་དགོས་པར། སངས་རྒྱས་ཆོས་ལུགས་ཀྱི་རྣམ་ཤེས་ལྟ་བུའི་བྱམས་སྙིང་རྗེའི་བསམ་སྤྱོད་དང། དེ་མཚུངས་བསམ་སྤྱོད་དེའི་རྒྱབ་ལྗོངས་ཀྱི་གཞི་བཅོལ་སའི་ལྟ་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་འདི་གཉིས་ཀར་བསམ་ཞིབ་ནན་ཏན་བྱས་ན། རྒྱལ་སྲས་གཞོན་ནུ་དོན་གྲུབ་ཁོང་ནི། འཛམ་གླིང་འདིའི་སྙིང་རྗེའི་སྟོན་པ་དང། རྟེན་འབྲེལ་གྱི་མཚན་ཉིད་རིག་པ་སྨྲ་པའི་སྐྱེས་བུ་རླབས་པོ་ཆེ་ཞིག་ཡིན་པ་རང་བཞིན་གྱིས་གསལ་རྟོགས་ཡོང་ངེས་ཡིན་ལ། དེ་ལྟ་བུའི་སྐྱེས་བུ་ཁྱད་པར་ཅན་དེ་སྤྱིར་ཡུལ་གང་དུ་སྐུ་འཁྲུངས་མིན་དང། ལྷག་པར་རིན་ཐང་གཞལ་དུ་མེད་པའི་ཁོང་གི་ལྟ་སྤྱོད་དེ་ཡུལ་དུས་གནས་སྐབས་གང་འདྲ་ཞིག་ལ། ཚུལ་ཇི་ལྟར་གསལ་བར་མཛད་ཚུལ་ཤེས་དགོས་པ་དེའང། ཆོས་དད་པ་དང། ཁོང་གི་རྗེས་འཇུག་ཡིན་མིན་ཙམ་གྱིས་དབྱེ་བ་འབྱེད་དུ་མེད་པར། ཆུང་ས་གང་ཟག་སྒེར་གཅིག་ནས། ཆེ་ས་སེམས་ཅན་སྤྱིའི་ཆེད་མེད་མི་རུང་བའི་ལྟ་སྤྱོད་རླབས་པོ་ཆེ་འདི་ཉིད་ཅི་ཙམ་གལ་ཆེ་མིན་ཚད་གཞིར་བཟུང་སྟེ་ཁོང་གི་སྐོར་ཤེས་རྟོགས་བྱེད་གོས་པཞིག་རེད། སངས་རྒྱས་ཤཱཀྱ་མུ་ནེས་རང་གི་རྗེས་འཇུག་དགེ་སློང་ཚོར་ཐུགས་རེ་གནང་དོན། དགེ་སློང་དག་གམ་མཁས་རྣམས་ཀྱིས། ། སྲེག་བཅད་བརྡར་པའི་གསེར་བཞིན་དུ། ། ལེགས་པར་བརྟག་ལ་ང་ཡི་བཀའ། ། བླངས་པར་བྱ་ཡི་གུས་ཕྱིར་མིན། ། ཞེས་གསུངས་ཡོད། ཁོང་གི་གསུང་འདིའི་བབ་ནས་ཤེས་ཐུབ་པ་ཞིག་ནི། སྐབས་དེའི་བྲམ་ཟེའི་ཆོས་ལུགས་པའི་བྱ་སྤྱོད་སྤྱི་དང། ཕྱོགས་མཚུངས་སངས་རྒྱས་ཤཱཀྱ་མུ་ནེ་རང་གི་རྗེས་འཇུག་ཁག་ཅིག་གིས་རང་གི་སྟོན་པ་དང། བླ་མའི་གསུང་དེ་ཉིད་ལས་ལྷག་པའི་ཚད་མ་ཞིག་མེད་ཤག་གིས་བརྟག་པ་གཙོ་བོར་མི་འཛིན་པའི་གནས་ཚུལ་ཡོད་པ་བསྟན་འདུག་པ་མ་ཟད། དེ་ལྟའི་གནས་ཚུལ་འོག་སངས་རྒྱས་ཤཱཀྱ་མུ་ནེ་རང་གི་རྗེས་འཇུག་ཚོས་རང་ཉིད་ཀྱི་དགོངས་པ་གསལ་རྟོགས་ཐུབ་ཀྱི་མེད་པ་དང། ཐུགས་རེ་བཞིན་སློབ་གཉེར་མ་བྱུང་བ་བསྟན་འདུག་སྙམ། གང་ལྟར་དེང་སང་དུས་རབས་ཉེར་གཅིག་པར་གྲགས་པ་འདིའི་ནང་སྐྱེས་བུ་ཕལ་མོ་ཆེ་དང། ལྷག་པར་གང་ཡང་ཞིབ་འཇུག་དང་དཔྱད་གསུམ་དག་པའི་སྒོ་ནས་མཐར་སྐྱེལ་བྱེད་དགོས་ཟེར་མཁན་ཚོས། སངས་རྒྱས་ཤཱཀྱ་མུ་ནེས་གསུང་ཚད་ཁས་ལེན་དགོས་པ་དང། གསུང་ཚད་འདོར་དགོས་པའི་མཐའ་གཉིས་ཀ་སྤངས་ནས། སྙིག་དོར་བཅུད་ལེན་གྱི་ལམ་དུ་འཇུག་འོས་པ་ཡིན་ལ། དེ་ནི་སངས་རྒྱས་ཤཱཀྱ་མུ་ནེ་ཁོང་རང་གི་ཐུགས་རེ་ངོ་མ་ཡང་ཡིན་པ་རེད། དོན་དངོས་སུ་ང་ཚོས་སངས་རྒྱས་ལས་ལྷག་པ་ཞིག་ཤེས་ཐུབ་པའམ། ཁོང་གི་དགོངས་ཚུལ་ཁག་གཅིག་ཡང་མ་དག་པ་མཐར་སྐྱེལ་ཐུབ་ན། དེ་ནི་སངས་རྒྱས་ཆོས་ལུགས་ལ་ཞབས་འདེགས་ཚད་མཐོན་པོ་ཞིག་ཞུས་པར་ངོས་འཛིན་བྱེད་ཆོག་ལ། མིའི་རིགས་ཀྱི་རྣམ་དཔྱོད་ལ་འཕེལ་རྒྱས་གསར་པ་ཞིག་བྱུང་བར་ཡང་ངོས་འཛིན་བྱེད་ཆོག་པ་ཡིན། གང་ལྟར་ཟླ་བྲལ་གྱི་ལྟ་སྤྱོད་འདི་ཡུལ་གང་ལས་བྱུང་བའི་གནས་གཞི་གཙོ་བོ། གནས་མཆོག་རྡོ་རྗེ་གདན་དང། དེ་ལས་སངས་རྒྱས་ཤཱཀྱ་མུ་ནེས་མཛད་པ་ཅི་བསྟན། རྗེས་འཇུག་བུ་སློབ་རྣམས་ཀྱིས་རྟེན་བཞེངས་ཇི་ལྟར་བྱས་ཚུལ། ལྷག་པར་མིའི་རིགས་ཀྱི་ལོ་རྒྱུས་ནང་འགྲན་ཟླ་བྲལ་བའི་སངས་རྒྱས་ཆོས་ལུགས་རྒྱ་བསྐྱེད་གནང་མཁན་རྒྱལ་པོ་ཨ་ཤོ་ཀས་སངས་རྒྱས་ཀྱི་གནས་གཞི་སྤྱིདང། ལྷག་པར་རྡོ་རྗེ་གདན་དུ་རྟེན་དང་རྟེན་པ་ཆ་ཚང་བ་ཡར་རྒྱས་ཇི་ལྟར་བཏང་ཚུལ་སོགས་ཞིབ་ཅིང་ཁུངས་དག་པར་མཁྱེན་འདོད་ཚེ། ངེས་པར་ཡིག་ཆ་ཁུངས་དག་ཅིག་ལ་གཞི་བཅོལ་ནས་ཤེས་དགོས་པ་ལས། ངག་རྒྱུན་ཐར་ཐོར་དང་རང་བཟོའི་ཚོད་དཔག་ཙམ་གྱིས་ཡོང་ཐབས་མེད། ཡིན་ན་ཡང། སྔར་རྒྱ་གར་སྤྱི་དང། ལྷག་པར་ཡུལ་དབུས་སུ་བསྟན་པ་སྐྱོན་མེད་པར་གནས་སྐབས་སུ་རྒྱ་བོད་ཀྱི་ལོ་པཎ་ཇི་སྙེད་ཅིག་གནས་འདིར་ཕེབས་པ་ལས། རྡོར་གདན་གཅིག་པུའི་སྐོར་ཞིབ་གསལ་གྱིས་བྲིས་པ་དཀོན་པར་སྣང་ལ། ཡང་རེ་གཉིས་ཡོད་པའི་ནང་ནས། རྡོ་རྗེ་གདན་གྱི་དཀར་ཆག་དང་ལམ་ཡིག་ཅེས་པའི་ཡིག་རྙིང་འདི་ལྟ་བུར་མཚོན་ན། བར་ལམ་བོར་བརླགས་ཤོར་ནས་རྙེད་དཀའ་བའི་ཚད་དུ་སླེབས་འདུག