རྒྱང་རིང་ནས་ཐོས་པའི་ཨ་རི།
-ནུབ་ཕྱོགས་ཨ་རིའི་རྒྱལ་ཁམས་འགྲིམ་པའི་ཉིན་ཐོ་༣༦༠་ལས་རྒྱང་རིང་ནས་ཐོས་པའི་ཨ་རི་དང་གཞན་དག
ཆུང་དུས་སུ་གློག་བརྙན་བལྟ་དུས། ཀྲུང་གོ་ཚང་དང་མེ་གོ་ཚང་ཞེས་གློག་བརྙན་ནང་གི་མི་དང་ཤོག་ཁག་གི་ལེགས་ཉེས་འབྱེད་ཅིང་། མི་དང་ཤོག་ཁག་ངན་པ་ཚང་མར་ “མེ་གོ་ཚང་”་ལ་བཅད་ནས་བལྟད་མོ་བལྟས་མྱོང་། བྱིས་དུས་ཀྱི་བསམ་བློའི་ཤན་ཤུགས་དེ་དག་གང་ནས་དང་ཇི་ལྟར་བྱུང་མིན་ནི་ངས་མ་བཤད་ཀྱང་ཀློག་མཁན་དག་གི་སེམས་ལ་ཁྲིག་ཁྲིག་ཡིན་ངེས་རེད། གང་ལྟར། ཆུང་དུས་ནས་བཟུང་། ངས་སའི་གོ་ལ་འདིའི་ཐོག་ཏུ་ཨ་རིའི་རྒྱལ་ཁབ་ཟེར་བ་ཞིག་ཡོད་པ་གོ་མྱོང་འདུག་པ་མ་ཟད། དེ་ནི་རྒྱལ་ཁབ་སྟོབས་ཆེན་ཞིག་དང་ཕྱུག་པོ་ཞིག་ཡིན་པའང་ཕལ་ཆེར་གོ་མྱོང་བ་འདྲ། འོན་ཀྱང་། རྒྱལ་ཁབ་དེ་འཛམ་གླིང་ཤར་ནུབ་གང་དུ་ཡོད་མེད་དང་། རྒྱལ་ཁབ་དེ་དང་རྒྱལ་ཁབ་གཞན་གྱི་བར་ལ་མཚུངས་ཆོས་དང་མི་འདྲ་བའི་ཆ་སོགས་གང་དང་ཅི་ཡོད་ནི་བསམ་པའི་ཟུར་ལའང་འཁོར་མྱོང་མི་འདུག