སྨུག་སྤྲིན་དེ་ང་ལ་འཐིམ་སྲིད་དམ།
རྩོམ་པ་པོ། གཉན་པོ།
ནམ་མཁའ་ཧ་ཅང་དྭངས་པའི་སྐབས་སུ་ཡང་།
གདུག་རྩུབ་ཀྱིས་འཐིབ་སྲིད་པའི་སྨུག་སྤྲིན་དེ།
བར་སྣང་གི་མི་ཚོགས་དེའི་སེམས་པའི་ཀླུང་རྟ་ཡིན་ན།
དངོས་ཡོད་ལས་བརྒལ་བའི་ངོ་གདོང་དེའི་ཆེད་དམ།
རླུང་གིས་ཁུར་བཞིན་པའི་དངུལ་སྤར་མོ་གང་གི་དོན་དུ།
གར་ཡོང་འདིར་ཡོང་བྲལ་བའི་སྨུག་སྤྲིན་དེ།
ང་ལ་འཐིམ་སྲིད་དམ།
ཉི་འོད་ལམ་ལམ་འཚེར་བའི་སྐབས་སུའང།
ཁ་བ་གྲང་ངར་གྱིས་དེད་འོང་བའི་སྨུག་སྤྲིན་དེ།
ཁྱེད་ཀྱི་བདེ་བ་འབོད་པའི་རྨི་ལམ་གྱི་གཡབ་མོ་ཡིན་ན།
ང་ཡི་སྔས་མགོར་བཞག་པའི་བཟི་སྨན་དམ་བུ་གང་བོ་འདི་ཡིས་སམ།
རླུང་བུ་རྒྱང་ནས་བསུ་བའི་གྲོང་ཚོ་འདིའི་ཁ་དབུགས་སྐྱ་བས།
སྨུག་སྤྲིན་དེ་ང་ལ་འཐིམ་དུ་འཇུག་སྲིད་དམ།
སྨུག་སྤྲིན་དེ་རྡ་སའི་སྤྱི་ཚོགས་ལ་ཐིམ་པར་སྨྲས་ཤིག།
(གཉན་པོའི་སེམས་ལྗོངས་ལས་བཤུས།)
<<སྨུག་སྤྲིན་དེ་ང་ལ་འཐིམ་སྲིད་དམ་>>གྱི་བཀླགས་བྱང་།
རས་པ།
ཁོ་བས་ཤེས་ཚོད་ལྟར་ན་གཉན་པོ་ལགས་ནི་རྩོམ་ཡིག་འབྲི་འདོད་ཀྱིས་ཧོབ་ཏེ་བྲིས་པ་དེའི་རིགས་སུ་མི་གཏོགས་ཤིང་། རྩོམ་ཡིག་འབྲི་བའི་སྔོན་འགྲོའི་རིམ་པ་རྒྱུད་པའི་གཞོན་སྐྱེས་རྩོམ་པ་པོ་ཞིག་ལགས།