བོད་ནས་རོང་བོ་དགེ་འདུན་ལྷུན་གྲུབ
་་་་་་་་་་་་་་་་ཀྲུང་མེ་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་རྗེས་ཀྱི་གཏམ་གླེང་གིས་བསླངས་པའི་ཚོར་བ་ཞིག་ལ་གཞི་བཅོལ་ནས་བྲིས་སོ།།
རྩྭ་ཟིལ་ཞིག་ནས་འགྱེད་ཅིང་ཐོར་བའི་སྨུག་པ་དེ
ང་ཡི་པོ་ཏྰ་ལ་ཡིན་ན
རས་ཡོལ་དམར་པོ་ཞིག་གིས་བསྒྲིབས་ཤིང་སྒྲོག་ཏུ་བཅུག་པ་དེ་ང་ཡི་ལོ་རྒྱུས་ཡིན་ན
དེ་རིང་ང་ནི་རྒྱ་མཚོ་ཆེན་པོ་ཞིག་དང་འདྲེས་འདོད
ཆུ་སྲིན་ཆེན་པོ་ཞིག་གི་ཁ་གཏད་དུ་ཆས་འདོད
སྐྱོ་ཞིང་སྐྱོ་བའི་ལོ་ཟླ་འདི་དག་མུན་ནག་གིས་ཟོས་པས
ཨ་རི་འམ ཡང་ན་ཧྥ་རིན་སི རྒྱལ་ཁབ་ཆེན་པོ་དག་གིས
ང་ནི་གཡས་ནས་གཡོན་དུ་བསྐྱུར་ཅིང
ང་ནི་ས་སྒང་འདིའི་སྟེང་གི་སྤོ་ལོ་ཆུང་ཆུང་ཞིག་ཏུ་བརྩིས་དུས
ང་ཡི་དཀོན་མཆོག ང་ཡི་མེས་པོ
ཡང་ན་ལག་པ་གནམ་དུ་སྒྲེང་བའི་ང་ཡི་གཞོན་ནུ་དག
ང་ནི་ངོ་མ་རིན་ཐང་ཤིན་ཏུ་ཆུང་བའི་ཕྱེ་མ་ལེབ་ཅིག་ཡིན་ནམ