ཡར་སྔོན་ཁ་བརྡའི་ཁ་བརྡ་སྤེལ་བའི་རྗེས་སུ་རླུང་སྐོར་ནག་པོ་དང་བཅས་པའི་དྲ་གྲོགས་སྐོར་ཞིག་གིས་གང་ཟག་སྒེར་ལ་རྒོལ་མི་རྒོལ་གྱི་ས་མཚམས་ཅི་ཡིན་ལ་ཁ་བརྡ་ཚང་ནས་ལན་ཁ་གསལ་ཞིག་རྒྱག་དགོས་པའི་རེ་སྐུལ་བྱས་འདུག ཡིན་ན་ཡང་ཕངས་པ་ཞིག་ལ་ཁ་བརྡ་ཚང་གིས་དྲི་བ་འདི་ལ་བསམ་ཚུལ་རེ་འདོན་རྒྱུ་མ་གཏོགས་ཁྱེད་ཚོའི་འདོད་པ་ཁེངས་པའི་ལན་ཞིག་རྒྱག་ཐུབ་རྒྱུ་མ་རེད་སྙམ། རྒྱུ་མཚན་ནི་ང་ཚོ་ཚང་མ་གཅིག་པ་རེད། དྲི་བ་འདི་དག་འདོན་མཁན་རྣམས་ཀྱི་ནང་ན་སྨྲ་བརྗོད་རང་དབང་གི་ཁྲིམས་ལུགས་ལ་ཆེད་མཁས་མེད་ལས་ཆེ་བ་ལྟར་ཁ་བརྡ་ཚང་ལ་ཡང་མེད། ཁྱེད་ཚོ་ལ་དྲི་བ་ཡིན་པ་ཞིག་ཁ་བརྡ་ཚང་ལ་ལན་ཡིན་དགོས་པའི་ངེས་པ་ཡོད་པ་མ་རེད། ཁྱེད་ཚོས་མི་ཤེས་པ་དེ་ཁ་བརྡ་ཚང་གིས་ཀྱང་མ་ཤེས་པར་བསྡད་ཡོད་པ་རེད།
དེའི་ཁར་ཁ་བརྡ་ཚང་ལ་དྲི་བ་འདི་ལ་ལན་ངེས་པར་དུ་རྒྱག་དགོས་པའི་འགན་ཁུར་ཡང་ཡོད་པ་མ་རེད། དངོས་གནས་བཤད་ན། དྲ་བ་འདིའི་ནང་ཞུགས་མཁན་ཚང་མ་དྲི་བ་འདོན་མཁན་དང་ལན་འཚོལ་མཁན་གཉིས་ཀ་ཡིན་འོས་ཆེ། བོད་ཕྱི་ལོགས་ན་ང་ཚོ་བོད་ཡིག་གི་ཐོག་ནས་སྨྲ་བརྗོད་བྱེད་སའི་དྲ་དེབ་ཉུང་ཉུང་རེད། ཁ་བརྡ་ནི་ཉུང་ཉུང་དེའི་ནང་གི་གཅིག་རེད། ང་ཚོས་དྲ་དེབ་འདི་ང་ཚོ་ཕན་ཚུན་ལ་ཚིག་མཚོན་འདེབས་ས་དང་། ཁྱད་གསོད་བྱེད་ས། སྒེར་སྐྱོན་འཕྱར་ས་ཞིག་ཏུ་མ་གྱུར་ན་བསམས་ནས་ཡང་དང་ཡང་དུ་གང་ཟག་སྒེར་ལ་མི་རྒོལ་བའི་རེ་བ་བཏོན་ཡོད། ང་ཚོའི་བསམ་པར། གང་ཟག་སྒེར་ཟེར་དུས་མི་གང་ཞིག་གི་སྤྱི་དོན་དང་རིག་གཞུང་། ལྟ་བ་སོགས་ལ་འབྲེལ་བ་མ་ཆགས་པའི་ཆ་དེ་ལ་ཟེར་གྱི་ཡོད། དཔེར་ན་བོད་གཞུང་གི་བཀའ་བློན་ནམ་དྲུང་ཆེ་ཞིག་གིས་སྤྱི་དོན་འཐུས་ཤོར་སུ་བཏང་བ་དང་། དྲང་སྙོམས་མ་བྱས་པའི་སྐབས་ལ་ང་ཚོས་སྐྱོན་བརྗོད་བྱས་པ་ཡིན་ན་འདི་ལ་གང་ཟག་སྒེར་ལ་རྒོལ་བར་ཆ་འཇོག་བྱེད་འོས་མི་ཆེ། དེ་བཞིན་ཞིབ་འཇུག་པ་ཞིག་གིས་ཕྱོགས་རེས་པའམ་རྒྱུ་མཚན་ལྟར་སྣང་བ་ལྟ་བུ་ལ་གཞི་བཅོལ་ནས་ལྟ་བ་ཁས་ལེན་མི་ཐུབ་པ་རེ་བཏོན་པ་ལ་སྐྱོན་འཛུགས་བྱེད་པ་ཡང་གང་ཟག་སྒེར་པ་ལ་རྒོལ་བར་ཆ་འཇོག་བྱེད་མི་འོས་སྙམ། ཡིན་ན་ཡང་བཀའ་བློན་དྲུང་ཆེ་ཡིས་སྤྱི་དོན་འཐུས་ཤོར་དུ་བཏང་བ་ལ་སྐྱོན་བརྗོད་བྱེད་སྐབས་དེ་ལས་བརྒལ་ནས་དེའི་བུ་དང་བུ་མོས་སྦག་ལ་འཁྲབ་ཀྱི་ཡོད་པ་ལྟ་བུ་དང་། ཞིབ་འཇུག་པ་དེའི་ལྟ་བ་ལ་སྐྱོན་བརྗོད་བྱེད་སྐབས་མཁས་པ་དེ་ལ་ཆུང་མ་ཟུར་བསྟེན་ཡོད་པ་ལྟ་བུ་བརྗོད་ན་འདི་ནི་གང་ཟག་སྒེར་ལ་རྒོལ་བ་ལ་ཆ་འཇོག་བྱེད་འོས་སྙམ།