དགེའདུན་མཐར་ཕྱིན།
ཕྱི་ལོ་ ༢༠༠༨ ལོའི་པེ་ཅིང་རྒྱལ་སྤྱིའི་རྩེད་འདྲེན་དང་འབྲེལ་བའི་བོད་དོན་ལས་འགུལ་བོད་པྱི་ནང་གཉིས་སུ་སྤེལ་བ་དང་དུས་སྐབས་དེ་གའི་རིང་༧གོང་ས་མཆོག་གི་སྐུ་ཚབ་རྣམས་རྒྱ་ནག་ནང་ཐེང་གཉིས་རྒྱ་བོད་བགྲོས་མོལ་ཆེད་བསྐྱོད་ཀྱང་གྲུབ་འབྲས་གང་ཡང་མ་སོན་པ་དང་བཅས་ལས་འཕྲོས་ཏེ་བོད་མིའི་སྤྱི་ཚོགས་ནང་བསམ་ཚུལ་འདྲ་མིན་གསར་པ་མང་པོ་ཞིག་ཐོན་བཞིན་པ་བཅས་ལ་བརྟེན་བོད་དོན་དེ་ད་ཆ་ཛ་དྲག་གི་གནས་ཚུལ་ཞིག་ཏུ་འགྱུར་བར་གཟིགས་ཏེ་༧གོང་ས་མཆོག་ནས་བཀའ་སྤྱི་ལ་བཅའ་ཁྲིམས་ཀྱི་འབྲུ་དོན་ལྟར་ཛ་དྲག་མི་དམངས་ཚོགས་འདུ་བསྐོང་དགོས་པའི་བཀའ་བརྩལ་བ་དང་དེ་བཞིན་ཕྱི་ཟླ་ ༡༡༽ ནང་ཚུགས་གཏན་འཁེལ་བ་ཆགས། ངའི་རེ་བར་དུས་སྐབས་དེར་ཆབ་སྲིད་ཀྱི་སྐད་ཆ་སྟོང་པ་ཙམ་མ་ཡིན་པར་དོན་དངོས་ཀྱི་བཙན་བྱོལ་བོད་མི་མང་གི་བདེ་དོན་དང་མ་འོངས་པ་བཅས་གཤམ་འཁོད་དོན་ཚན་ཁག་ལ་བགྲོས་བསྡུར་གནང་བའི་རེ་བ་ཡོད། བོད་ཀྱི་མ་འོངས་པ་ནི་བོད་ནང་གི་བོད་མིས་མཐའ་གཅོད་གནང་དགོས་པ་ཞིག་ཡིན་སྟབས་དེའི་དབང་ཚད་དེ་བོད་ནང་གི་བོད་མི་ཚོར་སྤྲད་ན་ལེགས། ཕྱི་རྒྱལ་དུ་ཡོད་པའི་བོད་མི་རྣམས་བོད་ཀྱི་བདག་པོ་མིན་ལ་བོད་ཀྱི་མ་འོངས་པ་མཐའ་གཅོད་གནང་བའི་དབང་ཚད་ཀྱང་མེད།
བཙན་བྱོལ་བོད་གཞུང༌།
༡༩༥༩ ནང་བོད་མི་ ༨༠༠༠༠ སྐོར་རྒྱ་གར་དང༌། བལ་ཡུལ་འབྲུག་བཅས་སུ་བཙན་བྱོལ་དུ་འབྱོར་བས་བཙན་བྱོལ་བོད་གཞུང་བསྟི་གནས་དང་བཅས་པ་གསར་བཙུག་གིས་ཐོག་མ་ནས་དམིགས་ཡུལ་གཙོ་བོ་གཉིས་གཏན་ལ་ཕབས་པ་བཙན་་བྱོལ་བོད་མིའི་བདེ་དོན་དང་བོད་རང་དབང་སྐྱར་གསོ་བཅས་ལ་བརྩོན་བཞིན་ཡོད། དེ་ལྟར་བོད་ཀྱི་རྩ་དོན་ངོ་མ་ནི་རྒྱ་ནག་དང་ཐ་དད་ཀྱི་བོད་རང་དབང་སྐྱར་གསོ་ཡོང་ཆེད་ཡིན་མོད། བཙན་བྱོལ་བོད་གཞུང་མང་གི་ལས་དོན་རྣམས་གནས་ཚང་རྒྱལ་ཁབ་ཁག་དང༌། དམངས་གཙོ་རིང་ལུགས་པའི་རྒྱལ་ཁབ་རྣམས་ཀྱི་རྒྱབ་སྐྱོར་ཁོ་ནར་བསྟུན་དགོས་སྟབས་རང་སྟོབས་ཀྱིས་ལས་རིམས་སྒྲིགས་ཏེ་ཆབ་སྲིད་ལས་འགུལ་གང་ཡང་བྱེད་ཐུབ་ཀྱི་མེད་པ་དང༌། གནས་ཚང་རྒྱལ་ཁབ་ཁག་དང་རྒྱབ་སྐྱོར་བ་རྒྱལ་ཁབ་སུས་ཀྱང་བོད་ཀྱི་རྩ་དོན་བོད་རང་དབང་རང་བཙན་ལ་ངོས་ལེན་ནམ་ཡང་བྱེད་ཀྱི་མེད་པ། རྒྱལ་ཁབ་དེ་དག་གི་རྒྱབ་སྐྱོར་ནི་རང་མོས་དམངས་གཙོའི་རིང་ལུགས་ཀྱི་གཞི་རྩའི་རིན་ཐང་འགྲོ་བ་མི་ཡི་ཐོབ་ཐང་དང་ཆོས་ལུགས་ཀྱི་རང་དབང་ཙམ་ཞིག་གི་མིང་ཐོག་ནས་ཡིན་པ་དང༌། ལྷག་པར་རྒྱབ་སྐྱོར་བ་རྒྱལ་ཁབ་དེ་ཚོས་བོད་ལ་ཆབ་སྲིད་ཀྱི་ཐོག་ནས་རྒྱབ་སྐྱོར་གནང་གི་མེད་ཅིང་འགྲོ་བ་མིའི་དབར་གྱི་སྡུང་སེམས་མཉམ་བསྐྱེད་ཀྱི་བསམ་བློའི་གཞི་རྩའི་ཐོག་ནས་བོད་མིར་རོགས་ཕན་གནང་བ་རེད་ཅེས་བརྗོད་ཀྱི་ཡོད་པ་རེད། སྐབས་མང་པོར་རྒྱལ་ཁབ་དེ་དག་ནང་བོད་མིའི་ཐབ་བརྩོད་དེ་རང་ཉིད་ཀྱི་མཁེ་ཕན་གྱི་ལག་ཆར་སྦད་སྤྱོད་བྱེད།