གཡུ་ཚང་ལྷ་མོ་དོན་གྲུབ། ཨ་རི།
མཁྱེན་ལྡན་དྲ་གྲོགས་རྣམ་པ་ལགས།
ཐེངས་འདིར་ཡང་ངས་ཐོག་མར་མ་བསམ་ས་ནས་ཁ་བརྡ་ལ་དགོངས་སེལ་ཞུ་དགོས་བྱུང་སོང་། རྒྱུ་མཚན་ནི་རྒད་པོ་ངས་འཆི་ཁར་ཁ་ཆེམས་ལྟ་བུའི་ཁ་བརྡ་ཐུང་ཐུང་ཞིག་བྱས་པའི་རྗེས་ནས་ཁ་བརྡ་དྲ་ཐོག་ཏུ་ཉོག་བཤད་བྱེད་མཁན་ཆར་ཤུལ་གྱི་ཤ་མོ་བཞིན་བརྡོལ་ནས་དྲ་ངོས་ཀྱི་ཁོར་ཡུག་ལ་བརྡབ་གསིག་ཚོད་མེད་འཐེབས་སོང་པས་ཡིན། ངོ་མ་བཤད་ན་ངས་རང་གི་བསམ་ཚུལ་ཞིག་གམ། དྲན་ཕྱོགས་ཤིག་གམ། རྨོངས་འཆར་ཞིག་ལྷག་བསམ་ཟོལ་མེད་དང་དྲང་པོ་དྲང་བཞག་གིས་རང་ཉིད་ལྟར་འཆི་ལ་ཉེ་བའི་བོད་མི་རིགས་ཀྱི་རྩ་དོན་ལ་བསམ་ནས་འདིར་ཀུན་པོའི་སྤྱན་ལམ་དུ་བསྟར་བ་ཡིན་ཏེ། དྲ་གྲོགས་འགས་བོད་ཀྱི་དབུ་འཁྲིད་ཏཱ་ལའི་བླ་མ་དང་རྒྱ་གར་གྱི་གཱན་དྷི། འབར་མའི་ཨན་སང་སོ་སྐྱིད། ཨ་ཧྥུ་རི་ཁའི་ནེལ་སོན་མན་ད་ལཱ་སོགས་ཀྱི་གནས་སྟངས་མི་འདྲ་བས། བོད་ཀྱི་དབུ་འཁྲིད་ཁོང་བོད་མི་དམངས་དང་མཉམ་དུ་ཕེབས་ནས་བོད་དོན་འཐབ་རྩོད་བྱེད་པ་ཡོང་ཐབས་མེད་པའི་སྐོར་གྱི་ལྟ་ཚུལ་ཞིག་བརྗོད་པ་མ་གཏོགས། གཞན་མང་པོ་ཞིག་གིས་སུ་ཞིག་འཇིགས་སྐུལ་རིང་ལུགས་པ་ཡིན་པ་དང་། སུ་ཞིག་གི་མིང་ཚིག་གུང་ཁྲན་ཏང་གི་མིང་ཚིག་ཡིན་པ། སུ་ཞིག་སོ་བ་ཡིན་པ་སོགས་ཀྱི་འབྲེལ་མེད་དོན་གཞན་རྐྱང་གླེང་ནས། ང་ཚོར་སྔར་ནས་ཡོད་པའི་མྱི་མ་ཤི་གོང་ལ་མིག་རིལ་འབྲུ་བའི་ངན་རྟགས་ད་དུང་ཡང་ཐོན་ཡོང་པས། ྐློག་པ་པོ་ཡོངས་དང་ཁ་བརྡའི་བདག་པོ་ཚོར་ཉོབ་སྣང་ཚད་མེད་སྐྱེས་ཡོད་ངེས་རེད་ལ། ཁོང་ཚོའི་ངན་རྟགས་འདི་ལས་ང་ཚོས་སྔར་བོད་མི་བསམ་མེད་དག་གིས་མཁས་དབང་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ། ལུང་ཤར་རྡོ་རྗེ་ཚེ་རྒྱལ་བཅས་ལ་མ་ཉེས་ཁག་གཡོགས་བྱས་པའི་རླུང་ནག་འཚུབ་མའི་འཁོར་སྟངས་དེ་གསལ་ལྷང་ངེར་མཐོང་ཐུབ་པ་མ་ཡིན་ནམ།
ཧི་མ་ལ་ཡའི་རི་འདབས་ནས།
ལྷ་ལུང་རྒྱལ།
རིའི་བར་སྐེད་ལོང་ལོང་སྨུག་སྤྲིན་གྱིས་བཟུང་ཞིང༌།།
ཆར་སིམ་བུའི་དངོས་གྲུབ་ཉི་འོད་ཀྱིས་ལྕིབས་པ།།
འོད་འཚེར་རེར་འཇོ་བའི་ཕྱི་དྲོ་ཡི་དུས་ཤིག།
སེམས་རྒྱག་ཕྱོགས་ཤིག་གིས་ཞེ་མཐུན་ཁྱོད་དྲན་འོང༌།།
བྱ་རྒོད་པོའི་གཤོག་པས་འཁྱོག་ཐབས་རང་མེད་ལ།།
ཆུ་གཙང་པོ་རླབས་ཀྱིས་འཁྱེར་ཐབས་ཀྱང་དབེན་པ།།
ལུས་ནམ་མཁའ་དྲན་གདུང་སྤྲིན་ནག་གིས་གཡོགས་ཏེ།།
ས་འདི་ནས་ཉི་མ་འཁྱོལ་ཐབས་ཅིག་མི་འདུག།
ཕྱིའི་འབྱོར་བ་གདོན་གྱི་བསླུ་བྲིད་ཀྱིས་ཡིན་ནམ།།
དུས་འགྱུར་ལྡོག་མི་ཡི་ཁ་དོག་ཀྱང་བསྒྱུར་རམ།།
ཕྱི་ཐག་རིང་མཛའ་གཅུགས་མེ་ཏོག་དང་འཇའ་སྤྲིན།།
མིག་ལོངས་སྤྱོད་མ་ཐོབ་སེམས་པ་དེ་ལྟོགས་ཡོད།།
ར་བཟི་བ།
ཀླུ་སྨྱོན་གྱི་ལྷུག་རྩོམ་གཡོས་བླུགས་མ་མུ་འགོད།
༡
ཐག་རིང་གི་སྐར་ཚོགས་ཀྱང་ར་བཟི་བའི་ཐོ་རངས་ཤིག་ལ། ར་བཟི་བ་མལ་ཁང་གི་ཕྱིར་བུད་དེ་མཐོ་སྒང་གི་འཇིག་རྟེན་འདིའི་གསང་བ་ཞིག་རྙེད་འདོད་ཀྱིས་དབེན་ཐིང་ཐིང་གི་འཇིག་རྟེན་གཞན་ཞིག་ཏུ་བསྐྱོད། ར་བཟི་བ་དེ་ལྟར་ལམ་ལ་ཆས་པ་དབེན་དགོན་འདིའི་མི་སུ་ཞིག་གི་རྨི་ལམ་དུ་ཡང་མ་རྨིས།
༢
ར་བཟི་བའི་ཀུ་ཅོ་དང་འདྲ་བའི་ཞོགས་ཚོགས་ཀྱི་དུང་བརྡ་རྩུབ་མོས། ར་བཟི་བའི་ཕྱི་བརྩེགས་ནང་བརྩེགས་ཀྱི་རྨི་ལམ་་གྱི་རི་རབ་ཐལ་བའི་རྡུལ་དུ་བརླགས་ཤིང་། སྤྱི་རྒྱ་སྟོང་ཕྲག་ལོངས་པའི་གཅིན་སྒང་གིས་ར་བཟི་བ་གསང་སྤྱོད་སྐྱུར་མོའི་སྒོ་རུ་དྲུད། གཅིན་པ་གཏོང་ཞོར་ར་བཟི་བས་འདར་སིག་ཅིག་བརྒྱབ། དེ་ནི་སྐྱེས་པ་ཀུན་ལ་ཡོད་པའི་སྣང་ཚུལ་ཞིག་ཡིན།
གསལ་འདེབས་དྲུག་སྐོར་མ།
(བོད་ཀྱི་དབུ་འཁྲིད་ཏཱ་ལའི་བླ་མར་ཕྱོགས་ངོས་གཞན་ཞིག་ནས་བལྟ་བ།)
གཡུ་ཚང་ལྷ་མོ་དོན་གྲུབ། ཨ་རི།
དང་པོ། ཁ་བརྡ་དྲ་རྒྱའི་སྐུ་དྲིན།
ཉེ་བའི་ཟླ་ཤས་རིང་བོད་ནང་གི་ཛ་དྲག་གི་གནས་བབ་དང་བཙན་བྱོལ་ནང་གི་རེ་བ་མེད་པའི་མཇུག་འབྲས་རྣམས་ཕྱིར་ཐོན་ཡོང་དུས། རྒད་པོ་ངའི་སྙིང་རླུང་སྟོད་ལ་འཚང་ནས་དབུགས་ཐག་སང་ཆད་གནངས་ཆད་དུ་གྱུར་བས། རང་གི་དྲན་ཕྱོགས་ཤིག་ཡིག་ཐོག་ཏུ་ཕབ་ནས་ཕལ་ཆེར་ཁ་ཆེམས་ཀྱི་ཚུལ་དུ་སྤེལ་དགོས་སྙམ་མོད། ང་ཚོའི་སྤྱི་ཚོགས་འདིར་མི་རྒན་འཆི་ཁར་ཁ་ནས་གསེར་ལྟ་བུའི་བསླབ་བྱ་ལེན་རྒྱུ་ཕར་བཞག་ནས་འཆི་ཁ་གཏམ་མ་མང་ཟེར་བའི་སྡིགས་སྲོལ་ཞིག་ཡོད་པ་དང༌། རང་གི་སྐད་ཆ་ཐ་ཐོར་དེར་བསྐྱར་ཞིབ་ཅིག་བྱས་དུས་དེ་ཡང་མི་གཞན་གྱི་ཁ་ནས་ད་བར་ཐོན་མྱོང་མི་འདུག་པས། བཀག་སྡོམ་དང་ཕྱོགས་གཅོད་ཀྱི་ཤེད་ཆེ་ཞིང་ངོ་སྲུང་དང་ཚུལ་འཆོས་ལ་གོམས་པའི་ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་དུས་དེབ་དང་ཚགས་ཤོག དྲ་རྒྱ་དག་གིས་བརྒྱུད་འགོད་བྱས་འེ་ཡོང་སྙམ་ནས་སེམས་འཁྲལ་ཐོལ་མ་ཞིག་བྱས་ཏེ་སྡོད་པར། གྲོགས་པོ་ཞིག་གིས་ཁ་པར་སླེབས་ནས་གསར་དུ་སྒོ་ཕྱེས་པའི་ཁ་བརྡ་དྲ་རྒྱའི་དགེ་མཚན་མི་ཉུང་བ་ཞིག་བརྗོད་བྱུང་པ་ངའི་རྣ་ལམ་དུ་རྨ་བྱའི་རྣ་བར་འབྲུག་སྒྲ་ལྟར་གྱུར་ཞིང༌། གྲོགས་པོའི་ལམ་སྟོན་བཞིན་ཁ་བརྡ་བསྔོགས་ནས་དྲ་ངོས་འདིར་རང་དབང་དང་གུ་ཡངས། དཀྱེལ་ཆེ་ཞིང་སྒམ་ཚུགས་ཆེ་ལ། འགན་འཁྲིའི་སྙིང་སྟོབས་བཅས་ཀྱི་མདངས་ཤིག་ཤར་ཡོད་པ་མཐོང་བས། རང་གི་འཆི་ཁའི་གཏམ་མམ་གོམ་པ་མཐའ་མ་སྤོ་ས་ས་ཞིག་རྙེད་སོང་སྙམ་ནས་དགའ་སྤྲོ་ཚད་མེད་སྐྱེས་ལ། ད་ནི་ཁ་བརྡ་དྲ་རྒྱ་བརྒྱུད་ནས་རང་སེམས་གསོན་པོར་མྱི་ལག་ཏུ་བཞག་ཚར་བས། ཁ་བརྡའི་སྐུ་དྲིན་འཇལ་ཐུབ་ན་མ་གཏོགས་ཤི་ཡང་འགྱོད་པ་མེད།།
གཉིས་པ། རྒན་པོ་ཧོན་ལོག་དང་གསར་བུ་ཀླད་སྟོང༌། ད་དུང་གཞན་དག
ངས་དྲ་ངོས་ཀྱི་བསམ་ཚུལ་ཐད་མིན་གྱི་མཆན་བུ་ཉི་ཤུ་རྩ་གྲངས་ཤིག་ཞིབ་བཀླགས་བྱས་པར། བློ་མཐུན་མང་པོ་ཞིག་གིས་ལྷག་བསམ་རྣམ་དག་གིས་རང་གི་ལྟ་ཙུལ་བརྗོད་འདུག་པར་གུས་བརྩི་དང་སྤྲོ་དགའི་རབ་ཏུ་བརྟས་མོད། ཡིད་ཐང་ཆད་པའི་སྐད་ཆ་རེ་གཉིས་མཐོང་རྒྱུ་འདུག་པ་ནི་རྒད་པོ་ཧོན་ལོག་དང་གསར་བུ་ཀླད་སྟོང་སོགས་རེད། སྐད་ཆ་འདི་དག་མི་རིག་པ་ཅན་གྱིས་བཤད་རྒྱུའི་ཚིག་ཅིག་མ་རེད་དེ། སྔར་ནས་སྐད་ཆ་བཤད་སྟངས་འདིས་ང་ཚོའི་རིག་པའི་དཔའ་བོ་དག་གི་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་ཁོར་ཡུག་ལ་གོད་ཆག་ཆེན་པོ་བཟོས་པ་རེད་ལ། དུས་དེང་སང་ཡང་ངན་རྟགས་འདིའི་རྔ་མ་གཅོད་མ་ཐུབ་པ་ནི་ང་ཚོའི་བཀག་རྒྱ་ཆེ་ཤོས་ཤིག་རེད། སྐད་ཆ་འདི་ལྟ་བུ་རེ་གཉིས་ཐོན་ཡང་ང་ཚོའི་དཔེ་དེབ་དང་དུས་དེབ། ཚགས་པར། དྲ་ངོས་ཡོད་ཚད་བཙོག་པ་འཁོར་རྒྱུགས་བྱེད་སར་བསྒྱུར་གྱིན་འདུག་པས། སྨྱུག་འཛིན་པ་ཞིག་བྱེད་རྒྱུ་ཡིན་ཚེ་གནས་ལུགས་བརྗོད་པ་ལས་མི་འཚང་བསྔོགས་མི་ཉན་པའི་རྒྱུན་ཤེས་འདི་གོ་བར་གྱིས་ཤིག་ཅེས་སྨྲའོ།།
ངའི་གཟའ་ཟླ་བ་དང་བརྒྱད་པའི་བཅོ་ལྔའི་ཟླ་བ། ད་དུང་ཤི་གསོན་གྱི་ཟླ་བ།
ཀླུ་སྨྱོན་གྱི་ལྷུག་རྩོམ་གཡོས་བླུགས་མ་མུ་འགོད།
ཝེ། ཆུ་ཚོད་དགུ་བ་ཟིན་འདུག ད་དུང་ལང་རྒྱུ་མིན་ནམ། ང་རང་གཉིད་སྟུག་པོ་ཞིག་གི་ཀློང་དུ་ཤི་མ་གསོན་དུ་ཡོད་སྐབས། གློ་བུར་བའི་འབོད་སྐད་དེས་རྨི་ལམ་གྱི་ཞིང་ཁམས་ནས་སྐྱི་གཡའ་བའི་འཇིག་རྟེན་མི་ཡི་གསེབ་ཏུ་བསྐྱལ་བྱུང་། མིག་གཉིས་ཉོབ་སྣང་ཆེན་པོས་གཅིག་ཕྱེ་དུས། ཨ་ཙི། གསེར་མདོག་གི་ཉི་འོད་ཅིག་སྒེའུ་ཁུང་ལས་ཐད་ཀར་ངའི་རུས་མགོ་སྐྱི་བཏུམས་ཀྱི་རྐུབ་ལ་འཕྲོས་འདུག་ཅིང་། ཉི་འོད་བན་བུན་དེའི་ཀློང་དུ་མདང་དགོང་གི་ང་དང་ངའི་ཤག་རོགས་ཚོའི་རྟུག་དྲི་ཡིས་མགོ་ཡོམ་འཁོར་ནས་ད་དུང་ཤེས་པ་རབ་རིབ་ཏུ་གྱུར་པའི་དུག་སྦྲང་འགའ་འཁྱར་འཁྱོར་ངང་འཕུར་ལྡིང་བྱེད་བཞིན་ཡོད་པ་མཐོང་གི་འདུག ང་སྒྱིད་ལུག་དང་བཅས་ཡར་ལ་ལངས་དུས། གཅིན་སྐྱག་གིས་ལུས་སྨད་སྦོས་ནས་སྐར་ཆ་རེར་ཡང་བཟོད་ཐབས་མི་འདུག་པས། གཟན་ཤམ་འགྲིག་པོ་ཞིག་ཀྱང་གྱོན་ལོང་མ་བྱུང་བར་གསང་སྤྱོད་བསྙེགས་ནས་བརྒྱུགས་པས། ཁམས་ཚན་ཞིག་གི་གྲུ་ཟུར་ནས་ཅུང་མིན་ན་དགེ་བསྐོས་བཙན་པོ་སྐད་གྲགས་ཡོད་པ་ཞིག་དང་གདོང་ཐུག་བརྒྱབ་བྱུང་། ནམ་རྒྱུན་དང་འདྲ་བར་ཞོགས་ཇ་བཏུངས་རྗེས་ཀླུ་འབུམ་ཁང་ཚན་གྱི་ཉིས་ཐོག་གི་ཡང་སྟེང་དུ་བསྐྱོད་པ་ན། ཡ། དེ་རང་གཟའ་ཟླ་བ་ཡིན་པ་འདྲ་སྟེ། ཆོས་གྲོགས་འགས་དེ་གར་ངའི་ཕ་ཡུལ་དུ་དར་ཁྱབ་ཆེ་བའི་དགུ་འཇིག་འདེད་བཞིན་འདུག
དེ་ལས་མང་བ་། “ངའི་གཟའ་ཟླ་བ་དང་བརྒྱད་པའི་བཅོ་ལྔའི་ཟླ་བ། ད་དུང་ཤི་གསོན་གྱི་ཟླ་བ།” »
གློག་བརྙན་ཞིག
སྤོབས་པ་མཐའ་ཡས། ད་ཡིན་ན་བཤད་རྒྱུ་མང་པོ་ཞིག་འདུག་ཀྱང་ཐོག་མར་གང་གླེང་དགོས་སམ། ཉེ་སྔོན་དྲྭ་གྲོགས་ཡེ་ཤེས་ཡིན་ནམ་གཅིག་གིས་གློག་བརྙན་མཛུབ་དཀྲིས་རྒྱལ་པོའི་Lord of ringsསྐོར་ཅུང་ཙམ་ཞིག་གླེང་འདུག ངས་གློག་བརྙན་དེ་ཐེང་གཅིག་བལྟས་མྱོང༌། གློག་བརྙན་དེས་ངའི་སེམས་པ་ཡོངས་སུ་འཕྲོག་སོང༌། གློག་བརྙན་དེ་འཁྲབ་ཡུལ་ནེའུ་རྫི་ལིན་ཌི་ཡིན་པ་འདྲ། རི་བྲག་གངས་རི། གཙང་པོ་དང་མཚེའུ་ཁོར་ཡུག་གི་བཀོད་པ་ཁོ་ནས་ཀྱང་ཡིད་དབང་འདྲེན་ལ། རང་རེས་རྒྱུད་སྡེའི་ནང་གི་བྱང་ཕྱོགས་ཤམ་བྷ་ལ་དེ་ཡང་དེ་དང་ཆ་འདྲ་བ་རེ་མིན་ནམ་སྙམ་པ་བྱེད། འཆར་ཡན་རྟོག་བཟོའི་སྒྲུང་གི་ནང་དོན་ཡང་ཧ་ཅང་རྒྱ་ཆེན་པོ་ཉམས་འགྱུར་ལྡན་སྟབས་རང་རེའི་གེ་སར་སྒྲུང་གི་གྲུ་གུ་གོ་རྫོང་དང་བདུད་འདུལ་སོགས་ཀྱི་བརྗོད་བྱ་རེ་ཡང་ཡིད་ལམ་དུ་འཆར་བར་བྱེད། དྲྭ་གྲོགས་ཚོའི་ཁྲོད་གློག་བརྙན་འདི་གཟིགས་མྱོང་མཁན་ཡོད་ན་མྱོང་ཚོར་གང་བྱུང་གླེང་རོགས་དང༌།
དབྱངས་ཅན་མ། མཚོ་ཀློང་གི་སྙན་ངག་དཀར་པོ
ཀླུ་སྨྱོན་ཧེ་རུ་ཀའི་རང་མོས་སྙན་ངག་མུ་འགོད།
༡
འོ་དྲི་འཐུལ་བའི་རྨི་ལམ་ཞིག་གི་སྔོན་འགྲོར་བརྟེན་ནས།
སྲིང་ཆུང་མ་ཁྱོད་སྙན་ངག་གི་གནས་ཡུལ་བརྒྱུད།
མེ་ཏོག་དང་ཟླ་འོད་བཞུར་བའི་མཚན་ལྗོངས་སུ།
ཁྱེད་ཀྱི་ཟུར་མིག་ལ་གདུངས་དབྱངས་འཁྱིལ།
དགེ་འདུན་མཐར་ཕྱིན་གྱི་རྩོམ་ཡིག་སྐོར་ལ་བསམ་ཚུལ་ཅུང་ཙམ་བརྗོད་པ།
སྤོབས་པ་མཐའ་ཡས།
ཞིབ་ཏུ་བཀླགས་སྐབས་དགེ་འདུན་མཐར་ཕྱིན་ཟེར་བ་དེས་གནད་དོན་ཁ་ཤས་ཤིག་བྲིས་འདུག ཁྱོད་ཚོ་གླང་དར་སྐོར་ཞིག་ནས་མར་འབབ་གི་མི་འདུག ངས་ད་དུང་ཁ་ཤས་ཤིག་ཤོད་འདོད་བྱུང༌།
གཞིས་ཆགས་སྲ་བརྟན་བྱ་རྒྱུ་དེ་ཟམ་གདོང་གཞུང་གི་གཞི་རྩའི་སྲིད་ཇུས་སུ་བཞག་ཡོད་ཀྱང་ཁ་ཡོད་ལག་ཡོད་ཀྱིས་ག་འདྲ་འབྱུང་བཞིན་ཡོད་མེད་མ་རྟོགས། གཞིས་ཆགས་ཁག་མང་པོ་ཞིག་སྔོན་དུས་སུ་ས་གནས་ཡུལ་མི་དབུལ་ཕོངས་ཚོར་བསྡུར་ན་འཚོ་བ་ཅུང་ལེགས་ཙམ་ཡོད་ངེས་ཀྱང་དེང་སྐབས་སྔོན་དང་མི་འདྲ་བ་ཞིག་ཡོད་པ་ནི་བོད་པ་ཚོའི་གྱོན་ཆས་ཚོང་ལས་འདི་ལ་ས་ཆོད་ཆེན་པོ་མེད་པར་གྱུར་པ་དེ་གཙོ་བོ་ཞིག་རེད། ཕྱོགས་མཐའི་གཞིས་ཆགས་ཁག་གི་འཚོ་བ་ཧ་ཅང་སྐྱོ་བོ་དང་ལས་ཀ་ཧ་ཅང་ལྗིད་པོ་རེད།
དཔེར་ན། ལ་དྭགས་ལ་གཞིས་ཆགས་ཧ་ཅང་རྒྱ་ཆེན་པོ་ཡོད་པ་དེ་ཚོར་ལྟ་སྐབས་ཕལ་མོ་ཆེ་གཞུང་ལམ་དང་ཁང་པ་བཟོ་སར་འགྲོ་གི་འདུག དེ་ཡང་སྔོན་མར་རྒྱ་གར་བ་དང་ནེ་པ་ལའི་ལས་ཀ་བ་མང་པོ་ཞིག་ས་ཆ་དེ་འགྲིམ་འགྲུལ་ཞན་སྟབས་ལས་ཀ་བྱེད་དུ་འབྱོར་ཐུབ་ཀྱི་མེད་སྟབས་བོད་པ་ཚོས་ལས་ཀ་མང་པོ་དང་ལས་ཀའི་གླ་ཆ་ཡག་ཙམ་ཐོབ་མོད། དེང་དུས་རྒྱ་གར་གྱི་ལས་ཀ་བ་མང་པོ་དང་ལྷག་པར་ཡང་ན་པ་ལའི་ལས་བཟོ་བ་གྲངས་ལས་འདས་པ་ས་དེར་སླེབས་འོངས་ནས་བོད་པ་ཚོར་ལས་ཀ་མང་པོ་མི་ཐོབ་པ་དང་གླ་ཆ་ཡང་དམའ་བོ་ལས་ཐོབ་ཀྱི་མེད།
དེ་ལས་མང་བ་། “དགེ་འདུན་མཐར་ཕྱིན་གྱི་རྩོམ་ཡིག་སྐོར་ལ་བསམ་ཚུལ་ཅུང་ཙམ་བརྗོད་པ།” »
༡༩༣༦ལོའི་ཨོ་ལིམ་ཕིས་ཁུ་དང་ཧི་ཁྲི་ལིར།
དེ་རིང་ངས་དབྱིན་སྐད་དུ་Hitler in Colourཞེས་པའི་དངོས་བཤུས་གློག་བརྙན་ཞིག་ལ་བལྟས་པ་ཡིན། དེའི་ནང་དུ་སྤྱི་ལོ་༡༩༣༦ལོར་ཧི་ཡིས་ཨོ་ལིམ་ཕིས་ཁུ་འཇར་མན་དུ་འཚོགས་པའི་གོ་སྐབས་བེད་སྤྱོད་ཀྱིས་སྐབས་དེར་རྩེད་འགྲན་ལ་ཞུགས་པའི་རྒྱལ་ཁབ་དག་གི་མདུན་ནས་རྫིག་རྫིག་ངར་ངར་གྱིས་རང་གི་སྟོབས་ཤུགས་ངོམ་པ་དང་། དེ་ནས་ལོ་གཅིག་གི་རྗེས་སུ་ཨ་སི་ཀྲི་ཡར་བཙན་འཛུལ་བྱེད་མགོ་བརྩམས་པ་དང་། དེ་བཙན་བཟུང་བྱས་མ་ཐག་ཧྥ་རན་སི་ལ་དཔུང་འཇུག་གིས་དེ་ཡང་བཙན་བཟུང་བྱས། དེ་ནས་ད་དུང་འདོད་པ་མ་ཁེངས་པར་དབྱིན་ཡུལ་ལ་དཔུང་འཇུག་བྱས་པར་དེ་རུ་སྣ་རྒྱུགས་ཚ་ཐག་ཆོད་ཅིག་རག་རྗེས། དམག་སྣ་ར་ཤི་ཡ་ལ་གཏད་དེ་མོ་སི་ཁོའི་ཐག་ཉེ་བར་དུ་བཙན་འཛུལ་བྱས་པ་ན། སི་ཏ་ལིན་གཞི་ནས་རྨོངས་གཉིད་ལས་སད་དེ་དམག་རྒྱག་ཐེངས་རབས་དང་རིམ་པ་ཡིས་ན་ཚེ་འཇར་མན་པ་ཁོ་ཚོའི་རྒྱལ་ས་བར་དུ་འདེད་གསོད་དང་། མཐའ་མ་སྦར་ལིན་ཡང་ར་ཤི་ཡའི་དམར་དམག་གི་ལག་ཏུ་ཤོར་ནས་ཧི་ཁྲི་ལིར་གྱིས་རང་སྲོག་རང་གིས་གཅོད་དགོས་ཐུག་སོང་། གློག་བརྙན་འདིའི་ཞར་དང་ཞོར་ལ་ན་ཚེ་བས་ཇུའུ་མི་རིགས་ས་ཡ་དྲུག་དམར་གསོད་དང་། ར་ཤི་ཡའི་དམག་གིས་འཇར་མན་གྱི་སྐྱེས་དམན་ས་ཡ་གཉིས་ལ་བཙན་གཡེམ། དེ་བཞིན་དམག་འཁྲུག་འདིའི་ནང་ར་ཤི་ཡའི་དམར་དམག་ས་ཡ་གཉིས་ལྷག་ཤི་བ་སོགས་འཇིགས་སུ་རུང་བའི་འཁྲུག་ཆེན་གཉིས་པའི་ཟུར་ཁ་ཞིག་མིག་དབང་བརྒྱུད་དེ་སེམས་གཏིང་དུ་ཟུག་སོང་།
བོད་རིགས་མཁས་དབང་གི་གསུང་རྩོམ།
བོད་རིགས་མཁས་པ་གྲགས་ཅན་ཟླ་བ་ནོར་བུའི་རྩོམ་ཡིག་བོད་བསྒྱུར་མ་རེ་ཡོད་དམ། ཁོང་གི་བརྩམས་ཆོས་དག་གི་ཁ་བྱང་ངོ་སྤྲོད་གནང་མཁན་རེ་ཡོད་དམ། ཁོང་གི་ཆོས་བརྒྱུད་ས་སྐྱ་ཡིན་ལུགས་གོ་ཐོས་བྱུང་། ཡིན་ན་ཡང་ཁོང་གི་ཆབ་སྲིད་ཀྱི་ལྟ་གྲུབ་ག་འདྲ་ཞིག་ཡིན་ལུགས་མི་ཤེས། སྐབས་ཤིག་ཁོང་རང་རེའི་སྤྱི་ཚོགས་ནས་ཟུར་འདོན་བྱས་རབས་གོ་ཐོས་བྱུང་བས། དེའི་སྐོར་ནས་གནས་ཚུལ་ངོ་སྤྲོད་གནང་མཁན་རེ་ཡོད་ན་ཐུགས་རྗེ་ཆེ་ཞུ་གི་ཡོད།
དགེ་བསྐོས་བཙན་པོ་དང་ཀླུ་སྨྱོན་ཧེ་རུ་ཀའི་སྐོར་གྱི་འའཕྲོས་བཤད་ཉུང་ངུ་།
སྤོབས་པ་མཐའ་ཡས།
དགེ་བསྐོས་བཙན་པོ་དང་ཀླུ་སྨྱོན་ཧེ་རུ་ཀ། སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ་ནི་བདུན་ཕྲག་ནས་བདུན་ཕྲག་མཐུད་དེ་དྲྭ་སྟེགས་འདིའི་སྟེང་དུ་གླེང་གཞི་ཞིག་ཏུ་གྱུར་སོང་བས་ད་ནི་དེའི་སྐོར་གླེང་ན་མང་པོ་ཞིག་སུན་ངེས་ཡིན། སུན་མཁན་ཚོས་འདི་ནས་མ་ཀློག་ན་ཡང་ཆོག ངས་ཉེ་སྔོན་ཀླུ་སྨྱོན་ཧེ་རུ་ཀས་དེབ་གསར་ཞིག་དཔར་འགྲེམ་བྱེད་བཞིན་ཡོད་སྐོར་དང་དེབ་དེ་ནི་རང་རེའི་སྤྱི་ཚོགས་ལ་དུས་བབ་གནད་སྨིན་གྱི་དགོས་མཁོ་ཞིག་ཏུ་གྱུར་ཡོད་སྐོར་ངོ་སྤྲོད་ཅིག་བྱས་པ་ཡིན། འོན་ཀྱང་གལ་པོ་ཆེ་ལ་ནན་ཏན་གྱི་དཔེ་བཞིན་རང་གིས་གང་བཤད་པ་དེ་གཞན་ལ་གོ་བརྡ་གསལ་ཐག་ཆོད་ཅིག་འཕྲོད་པའི་རེ་བས་ཡང་དང་བསྐྱར་དུ་བརྗོད་པར་ལ་ལ་ཞིག་གིས་བཀའ་བཀྱོན་ཡང་གནང་བྱུང་།
ང་ལ་མཚོན་ན་སྔོན་བརྗོད་པ་བཞིན་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོན་ནི་རྩོམ་པ་པོ་གྲགས་ཅན་ཞིག་དང་། མཚན་མཐོང་ཆེ་བའི་སྤྲུལ་སྐུ་ཞིག་དུ་ངོས་བཟུང་ཡང་གྲྭ་རྐྱང་དཀྱུས་མའི་གོ་ས་ཁོ་ནར་དགྱེས་པ། གུ་ཡངས་རང་དབང་གི་ཡུལ་སྐོར་བ་ཞིག་ཡིན་པའི་སྐོར་མང་དུ་ཐོས་མྱོང་ཡོད་སྟབས་ཡིད་སྨོན་དང་དགའ་གུས་ཆེན་པོ་ཡོད། ལྷག་པར་ཡང་ང་ལ་མཚོན་ན་ཁོང་གི་རྩོམ་ཡིག་སྤྱི་དང་ལྷག་པར་ཁོང་གི་སྙན་ངག་ཀློག་པར་ཧ་ཅང་དགའ། དེ་ནི་ཁོང་ནི་ངག་སྒོ་ཧ་ཅང་ཡངས་པོ་དང་། ཆོས་སྲིད་གནའ་དེང་གི་རིག་གནས་གང་ལས་གླེངས་ཀྱང་མཁྱེན་རྒྱ་ཆེ་བས་ཁོང་གིས་བྲིས་པའི་སྙན་ངག་དག་ཚིག་གི་སྙན་ཆ་ཙམ་དུ་མ་ཟད་པར་དོན་ཟབ་མོ་བརྗོད་ཀྱིན་འདུག་པས་ཀྱང་ཡིན། ཁོང་ནི་རང་རེའི་སྲོལ་རྒྱུན་གྱི་རྩོམ་དང་། རང་མོས་སྙན་ངག གཞས་ཚིག་སོགས་གང་ཞིག་བྲིས་ཀྱང་ཁ་གསལ་བ། གཏིང་ཟབ་པ། ཚིག་སྙན་པ་བཅས་ཀྱི་ཁྱད་ཆོས་ལྡན་པས་ཕྱོགས་རེ་བའི་མིག་ཅན་དག་དང་མི་མཚུངས། ལྕང་མ་སྐྱེ་ལུགས་ཇི་ལྟར་དྲང་ཡང་ཡོ་ཕྱོགས་ཆུ་ཞེས་པ་བཞིན་རང་རེའི་ཆོས་ལུགས་པའི་རྩོམ་པ་པོ་ཕལ་མོ་ཆེར་ཆོས་ལུགས་ཕྱོགས་ཞེན་གྱི་ན་ཚས་མ་གོས་པ་ཧ་ཅང་དཀོན། དེ་ནི་རང་རེའི་སྤྱི་ཚོགས་འདི་རྒུད་པའི་རྩ་བ་གཅིག་ཏུ་ཡང་གྱུར་ཡོད་སྟབས་ད་ནི་དེ་ལྟ་བུའི་ཉེས་དམིགས་མཐོང་བར་འོས་ཀྱང་རང་རེའི་རྩོམ་པ་པོ་ཕལ་མོ་ཆེར་ད་དུང་ནད་གཞི་དེ་སངས་ཡོད་པ་ཆེར་ཉུང་ཡང་ཀླུ་སྨྱོན་ཧེ་རུ་ཀའི་བརྩམས་ཆོས་གང་ཞིག་ཡིན་ཡང་གངས་རིའི་ལྗོངས་ཀྱི་ཆོས་རྒྱུད་མཐའ་དག་གི་གཞུང་ལུགས་གང་ནས་གླེང་ཡང་ཤེས་ནས་ཐོབ་པའི་དད་པ་དང་དག་སྣང་གིས་ཁེངས་པ་ཁོ་ན་ལས་ཕྱོགས་དང་རིས་སུ་ཆད་པའི་འཐེན་འཁྱེར་གྱི་ཚིག་ཟུར་ཙམ་ཡང་མི་མངའ། སྤྱིར་བཏང་ཁོང་གིས་རྩོམ་ཡིག་དག་ལ་ཚིག་དོན་གང་ཐད་ནས་གསར་བཏོད་ཀྱི་རྣམ་པ་ཞིག་ཀྱང་རྒྱུན་དུ་མཐོང་རྒྱུ་ཡོད།
དེ་ལས་མང་བ་། “དགེ་བསྐོས་བཙན་པོ་དང་ཀླུ་སྨྱོན་ཧེ་རུ་ཀའི་སྐོར་གྱི་འའཕྲོས་བཤད་ཉུང་ངུ་།” »
ད་ལོའི་ངོ་རྒོལ་སྐབས་དངོས་གནས་བོད་མི་སུ་དང་སུ་བཀྲོངས་པ་ཡིན་ནམ།
སྤོབས་པ་མཐའ་ཡས།
ངོ་རྒོལ་ལངས་པའི་ཕྱི་ཉིན་ནས་རྡ་རམ་ས་ལའི་ཚོགས་པ་ཚོས་བོད་མི་དགུ་བཅུ་ལྷག་ཅིག་བསད་སོང་ཟེར་ནས་བཞི་བཅུ་ཙམ་ཞིག་གི་གནས་ཡུལ་དང་མིང་ཐོ་ཚུན་གསལ་བསྒྲགས་བྱས་སོང་། དེ་ནས་མི་རིང་བའི་དུས་ནས་པེ་ཅིང་གི་ཕྱོགས་ནས་དེ་བདེན་པ་མིན་སྐོར་དང་བསད་སོང་བའི་མིང་ཐོའི་ཁོངས་མི་དེ་དག་ལ་ལ་ནི་ད་དུང་གསོན་པོ་བདེར་གནས་ཡིན་ཚུལ་དང་། ལ་ལ་ནི་དེ་ལྟའི་མི་ཞིག་གཏན་ནས་མེད་ཚུལ། ལ་ལ་ནི་མིང་ཙམ་ལས་གསལ་བོ་མེད་པ་སོགས་ལན་འདེབས་བྱས་སོང་། དེ་ལ་རྡ་རམ་ས་ལའི་ཕྱོགས་ནས་གསལ་ཁ་བཏོན་པ་སོགས་བྱེད་ཐུབ་མ་སོང་། དེ་ནས་རིམ་བཞིན་ཡུལ་དེ་ནས་མི་དེ་དང་དེ་ཙམ་བསད་སོང་ཟེར་ནས་བགྲངས་བཞིན་ད་ལྟ་ཉིས་བརྒྱ་ལྷག་ཅིག་ལོངས་ཚར་འདུག པེ་ཅིང་ཕྱོགས་ནས་ཟིང་འཁྲུགས་པས་ལྷ་ས་ནས་མི་ཉི་ཤུ་ཡས་མས་ཤིག་བསད་སོང་ཟེར་བ་དང་གཞན་ཡང་མཚོ་སྔོན་དང་དཀར་མཛེས་སོགས་ནས་ཀྱང་ཕན་ཚུན་རེ་ཟུང་ཞིག་བསད་པ་ཙམ་གསལ་བསྒྲགས་བྱས་ཡོད།
རྡ་རམ་ས་ལའི་ཕྱོགས་ནས་བོད་ཁུལ་གྱི་ས་ཆ་གང་ཞིག་ཏུ་ཟིང་ཆ་ལངས་ཚུལ་དང་ལྷན་དུ་མི་འདི་དང་འདི་བསད་འདུག་ཟེར་ཡང་དེ་དག་གི་འབྱུང་ཁུངས་རུས་མིང་སོགས་གསལ་ཁ་ཡོད་པ་ཧ་ཅང་ཉུང་། བོད་ནང་དུ་གཞུང་གི་བཀག་སྡོམ་དམ་བསྒྲགས་དེ་ཙམ་ཡོད་ཐོག་འབྲེལ་གཏུག་གི་ཆ་རྐྱེན་དེ་ཙམ་མི་བཟང་སྟབས་གནས་ཚུལ་ངོ་མ་མགྱོག་མྱུར་དུ་གོ་བ་དཀའ་ཞིང་གནས་ཚུལ་ལོག་པར་གོ་བ་ཡང་སྲིད། ཡིན་ན་ཡང་རིམ་གྱིས་གནས་ཚུལ་ཇེ་གསལ་དུ་འགྱུར་ངེས་ཡིན་པས་རིམ་བཞིན་ཁ་གསལ་དུ་གཏོང་འོས་ཀྱང་དེ་ནས་སྔགས་འདྲ་ཞིག་བགྲང་ཚར་བ་བཞིན་བསྐྱར་ཞིབ་ཀྱིས་ལམ་ནས་མི་སུ་དང་སུ་བསད། སུ་དང་སུ་རྨས། སུ་དང་སུ་ཞིག་བཙོན་དུ་ཚུད་པ་སོགས་ཐེང་དང་པོའི་ཁྱབ་བསྒྲགས་ལས་ལྷག་ཅིག་གང་ཡང་གོ་རྒྱུ་མི་འདུག
དེ་ལས་མང་བ་། “ད་ལོའི་ངོ་རྒོལ་སྐབས་དངོས་གནས་བོད་མི་སུ་དང་སུ་བཀྲོངས་པ་ཡིན་ནམ།” »
སྟོང་སེམས་དང་གདུང་སེམས།
གཡང་སྐྱབས་རྒྱལ་གྱིས།
ད་ནི་མཚན་གྱི་ཆུ་ཚོད་དང་པོ་རེད། ངའི་སྡོད་ས་འདི་འཇམ་ཏིང་ངེར་འདུག ཁ་ཤས་ཀྱིས་གཉིད་ལམ་འཁྲུགས་པོ་རེ་གཏོང་གི་ཡོད་ལས་ཆེ་ལ། ཁ་ཤས་ནི་འདོད་པའི་་་་་ཡོད་ལས་ཆེ། ངས་ཨོ་ལིམ་པིག་གི་ལྟད་མོ་འགའ་ལ་བལྟས་པ་ཡིན། རྒྱ་ནག་གིས་གསེར་གྱི་རྟགས་མ་བཅུ་གྲངས་ཤིག་བླངས་པ་རེད་ཟེར། ད་དུང་ག་ཚོད་ལེན་མིན་སུས་ཤེས་ཟེར། ང་ལྕགས་རྒྱ་འགྲམ་ནག་གིས་ཉིན་ཤས་སྔོན་གླེང་མོལ་བྱས་པའི་དོན་དེར་བསམ་བློ་བཏང་། ཨ་ཁ།
ངས་རང་སྐྱེས་སའི་གྲོང་གསེབ་དེ་ལ་བསམ་བློ་བཏང་། ངའི་མིག་ལམ་དུ་སྲང་ལམ་འདམ་གྱིས་ཁེངས་པ་དེ་ཤར། མི་ཐོག་འདི་ལ་འདམ་གྱིས་ཁེངས་ལ་མི་ཐོག་སྔོན་མ་ལ་ཡང་འདམ་གྱིས་ཁེངས། མི་ཐོག་བདུན་བརྒྱད། དེ་ལས་མང་བའི་མི་ཐོག་མང་པོར་འདམ་གྱིས་ཁེངས། ངའི་གྲོང་གསེབ་ལ་རྡོ་དང་ཆུ་ཡོད། འདམ་གྱིས་ཁེངས་པའི་ལམ་འདི་ལ་བཟོ་བཅོས་བྱེད་པའི་འདུན་པ་ཡེ་ནས་མ་ཤར། དེའི་དོད་དུ་ཁོང་ཚོས་མི་རབས་ནས་མི་རབས་བར་གསེར་རྐོང་དང་དངུལ་རྐོང་ཕུལ་ནས་ལུས། ད་དུང་ཉིན་རེ་བཞིན་མཁོ་བའི་གསང་སྤྱོད་གཅིག་ཀྱང་མེད། ཆོས་དང་དད་པ། སྐྱེ་བ་ཕྱི་མ་དང་བླ་མ། འཛམ་གླིང་གི་མིའི་ཚེ་ཚད། འདི་ཚོ་ནི་ཁོ་ཚོས་གཅེས་པ་དེ་རེད། ལྟོ་རང་གིས་འཚོལ། དཔུང་རང་གིས་སྒྲིག རང་ས་རང་གིས་སྲུང་། འདི་ཚོ་ནི་ཁོ་ཚོ་ལ་མི་དགོས་པ་དེ་རེད།
བོད་ཀྱི་དབུ་འཁྲིད་ཏཱ་ལའི་བླ་མར་ངོས་གཞན་ཞིག་ནས་བལྟ་བ།
གཡུ་ཚང་ལྷ་མོ་དོན་གྲུབ། ཨ་རི།
ཉིན་འདི་དག་ལ་བོད་དོན་གྱི་ཕྱོགས་ལ་བསམ་བློ་གཏོང་ཐེངས་རེར། རྒད་པོ་ང་སེམས་འཚབ་ཀྱིས་མནན་ཅིང་སེམས་སྡུག་གིས་མནར། ང་དགུ་ལོར་བཙན་བྱོལ་ལ་སླེབས་ནས་བཟུང་ད་ལྟ་བར་དུ་བོད་ལ་ལོག་རྒྱུར་རེ་བ་བརྒྱབ་ནས་བསྡད་ཡིན། འོན་ཀྱང་། དེ་རིང་སང་ཉིན། རྒད་པོ་ངའི་ལུས་ཀྱི་གནས་སྟངས་ལ་བལྟས་ན། ང་ཤི་རྒྱུར་ཅང་མི་འདུག མང་ན་ལོ་གཉིས་དང་ཉུང་ན་ཟླ་བ་ཁ་ཤས་ལས་ང་འཇིག་རྟེན་འདིེར་བསྡད་ཐུབ་རྒྱུའི་རེ་བ་མི་འདུག
ཐོག་མར་བཙན་བྱོལ་ལ་སླེབས་དུས། སོ་སོར་མཐོང་རྒྱ་དང་ཐོས་རྒྱ། ཉམས་མྱོང་སོགས་ཅི་ཡང་མེད་ན་ཡང་། མང་གཙོ་ཟེར་དུས་ཡག་པོ་ཞིག་རེད་བསམ་མྱོང་། ཚང་མ་ལ་ཐོབ་ཐང་འདྲ་མཉམ་དང་རང་དབང་འདྲ་མཉམ་ཡོད་པ། ཇི་འདྲའི་སྐྱིད་པ་ལ་བསམ། འོན་ཀྱང་། ངའི་མི་ཚེའི་ནང་ལ་རང་དབང་དང་ཐོབ་ཐང་ཕར་ཞོག སྨྲ་བརྗོད་རང་དབང་གཙང་མ་ཞིག་ཀྱང་བེད་སྤྱོད་གཏོང་ཐུབ་མ་སོང་། ལོ་ན་གཞོན་པའི་སྐབས་སུ། མཚམས་རེར་སེམས་ཤུགས་ཀྱི་དབང་གིས་སོ་སོའི་ཡོད་པའི་རང་དབང་དང་ཐོབ་ཐང་དེ་དག་བེད་སྤྱོད་གཏོང་རྒྱུར་བརྩོན་ལེན་བྱས། ཡིན་ན་ཡང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཁོངས་སུ་གསལ་བའི་རང་དབང་དང་འདྲ་མཉམ་ཟེར་བ་དེ་དང་དོན་དངོས་ཀྱི་རང་དབང་དང་འདྲ་མཉམ་ཟེར་བ་དེ་གཉིས་ཀྱི་བར་ན་ཁྱད་པར་ཆེན་པོ་འདུག དེའི་ཕྱིེར། ད་ལྟ་བར་དུ་རྒད་པོ་ང་ཁ་ཚུམས་ནས་བསྡད། གང་ལྟར། ད་ཤི་ཁ་འགྲོ་ཁར་རྒད་པོ་ངས་ཀྱང་སོ་སོའི་སྨྲ་བརྗོད་རང་དབང་དེ་བེད་སྤྱོད་གཙང་མ་ཐེངས་གཅིག་བྱེད་ན་འདོད། འོན་ཀྱང་། ངའི་སྨྲ་བརྗོད་རང་དབང་འདིས་བོད་མི་མང་པོ་ཞིག་གི་སེམས་ལ་དོ་ཕོག་འགྲོ་རྒྱུ་ཡིན་པའི་ཚོད་དཔག་སྔོན་ཚུན་ནས་ངའི་སེམས་ལ་ཡོད། ད་ནི་སྐད་ཆ་རེ་གཉིས་བློ་ཁོག་ཆེན་པོས་མ་བཤད་རང་བཤད་ཆགས་སོང་།
དེ་ལས་མང་བ་། “བོད་ཀྱི་དབུ་འཁྲིད་ཏཱ་ལའི་བླ་མར་ངོས་གཞན་ཞིག་ནས་བལྟ་བ།” »
ཤིག་ལ་སྡིགས་པ།
བོང་སྟག་རི་ལུ། བོད།
ཁྱེད་ཀྱིས་ངའི་འབར་འབུར་གྱི་སྒལ་ཚིགས་འདིར་གནས་ཚང་བཅས་ནས་མི་ལོ་ག་ཙམ་འགོར་སོང༌།
ཁྱེད་ཀྱིས་ངའི་ལྷད་མེད་ཀྱི་ཟུང་ཁྲག་འདི་ཧུབ་ཀྱིས་རྔུབས་ནས་མི་ལོ་ག་ཙམ་འགོར་སོང༌།
དང་པོ་དང་པོ་ཙ་ན།
ང་ཡང་ཨ་མའི་མངལ་ནས་ལྷུང་དུས།
ངའི་རང་ལུས་དྲོན་མོ་འདི་རྨ་ཁའི་མ་རེག་པའི་མི་ལུས་གཙང་མ་ཞིག་ཡིན།
ངའི་ཡུམ་སྐད་དྭངས་མོ་དེ་ལྷད་ཀྱིས་མ་གོས་པའི་རྫ་ཆུ་བསིལ་མ་ཞིག་ཡིན།
བོད་ཀྱི་སྐོར་སྦྲང་མའི་སྦྲང་སྐད་ཙམ་ཡང་མི་འདུག
དེ་རིང་ཨ་རིའི་སྲིད་འཛིན་བྷུ་ཞི་དང་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐོ་གཉིས་མཇལ་འཕྲད་བྱས་འདུག དེའི་སྐོར་ངས་དབྱིན་སྐད་ཀྱི་ཞིན་ཧྭ་གསར་འགྱུར་དང་རྒྱ་ནག་གི་ཉིན་རེའི་གསར་འགྱུར་གཉིས་ལ་བལྟས་པ་ཡིན། བོད་ཀྱི་སྐོར་སྦྲང་མའི་སྦྲང་སྐད་ཙམ་ཡང་གོ་རྒྱུ་མི་འདུག ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་སྐོར། ཨི་རན་གྱི་རྡུལ་ཕྲན་མཚོན་ཆ། ཌར་ཧྥུར་དང་གཞན་ཐེ་ཝན་གྱི་སྐོར་བཅས་གླེང་མོལ་བྱས་པའི་གནས་ཚུལ་འདུག་པ་ལས་བོད་སྐོར་གང་ཡང་མི་འདུག རྒྱ་བཙོག་དེ་ཚོས་དེའི་སྐོར་མ་བཀོད་པ་ཡིན་ནམ་ཅི་། གཞན་པའི་གསར་འགྱུར་ལ་ལྟ་ཐུབ་མ་སོང་། ཁྱེད་ཚོས་དེའི་སྐོར་ཅང་ཤེས་ཡོད་དམ།
གངས་དཀར་ལྷ་མོ་བཙལ་བའི་རྟོགས་བརྗོད།
ངའི་རྩོམ་ཉོག་དེ་གཤམ་དུ་རྡེག་གནོན་བྱས་ན་ཀློག་ཐུབ། http://www.tibetcm.com/new/News_View.asp?NewsID=500
རིག་གནས་གསར་བརྗེ་ཞིག་ཡོང་གི་ཡོད་དམ།
དེ་རིང་ངས་བོད་ཀྱི་དུས་བབ་གསར་ཤོག་གི་དྲ་རྒྱའི་སྟེང་ནས་བོད་དུ་རིག་གནས་གསར་བརྗེ་ཡང་བསྐྱར་ཡོང་རྒྱུ་ཡིན་པའི་སྐད་ཆ་ཞིག་བཀོད་པ་མཐོང་བྱུང་། ད་ལོའི་ཟླ་བ་གསུམ་པ་ནས་བཟུང་ང་ཚོ་བོད་ནང་ལ་འབྲེལ་བ་ཡོད་མཁན་ཚོས་འཇིགས་དངངས་དང་། འཚབ་འཚུབ། གཟབ་གཟབ། སེམས་འཚབ་སོགས་ཅི་ཙམ་བྱེད་དགོས་པ་འདི་ཤེས་གསལ་ཡིན། ད་ནི་འདི་འདྲའི་སྐད་ཆ་ཞིག་སླེབས་དུས་ང་ཚོས་ཅི་ཞིག་བྱེད་དགོས་པ་རེད། རྒྱ་འདི་ལ་རང་གི་ལྟོ་གོས་གཏམ་གསུམ་ལས་གཞན་མི་དགོས་པ་ནི་ཁ་གསལ་རེད། འདིས་རང་གི་ལྟོ་གོས་གཏམ་གསུམ་གྱི་ཆེད་དུ་ཅི་ཡང་བཤད་ཕོད་ལ་ཅི་ཡང་བྱེད་ཕོད་པ་ཞིག་རེད། འདི་ལ་ངོ་ཚ་མི་འདུག འདི་ལ་སྐྲག་སྣང་མི་འདུག འདི་ལ་འཛེམས་ཟོན་མི་འདུག འདི་ལ་གནས་ལུགས་མི་འདུག ད་ཅི་བྱེད། ཁྱེད་ཚོས་དེའི་སྐོར་གོ་ཐོས་བྱུང་ངམ། དཀའ་ངལ་མྱོང་མཁན་ནི་བོད་མི་དཀྱུས་མ་ཚོ་ཆགས་རྒྱུ་རེད།…
ནང་གི་མེ་ལྕེ།
བསྟན་འཛིན་བརྩོན་འགྲུས།
སྐར་ཆེན་གྱིས་བསྒྱུར།
དཀའ་ངལ་ཆེ་ཤོས་ཤིག་ནི་ང་ཚོས་སྔོན་ཆད་བྱུང་མ་མྱོང་བའི་འགུལ་བསྐྱོད་ཀྱི་གོམ་སྟབས་ཆེན་པོ་ཞིག་ཕྱིའི་དེང་རབས་སྤྱི་ཚོགས་སུ་སྤོ་མ་ཐུབ་པ་དེ་རེད། ཁེར་རྐྱང་དུ་བསྡད་པའི་དབང་གིས༌། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་ཧི་མ་ལ་ཡའི་རྒྱབ་ལོགས་ཀྱི་འཛམ་གླིང་ཧྲིལ་བོའི་འགྱུར་འགྲོས་ཀྱི་རྗེས་ང་ཚོས་མ་ཟིན་པ་རེད། དེར་བརྟེན། ཧི་མ་ལ་ཡའི་ནང་ལོགས་ཀྱི་བོད་པའི་སྤྱི་ཚོགས་དེ་ཀླད་རྙིང་མཁྲེགས་བཟུང་ཅན་གྱི་ཆོས་ལུགས་མི་སྣ་དང་ཁེ་དབང་གཅིག་པོར་རྔམ་པའི་སྐུ་དྲག་མི་སྣས་བསྒྱུར་བཀོད་བྱེད་སའི་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཤིག་ཆགས་པ་རེད། ཕྱོགས་གཅིག་ནས་སྔོན་བྱོན་མཁས་པ་དག་གིས་ནང་ཆོས་འདི་བོད་ལ་དར་སྤེལ་བྱས་དེ་ཐོས་བསམ་དང་ཉམས་ལེན་གྱི་གདན་གསར་བ་ཞིག་བཏིངས་ཤིང་ཕྱོགས་གཞན་ཞིག་ནས་དེ་ཡར་རྒྱས་ཀྱི་བརྒྱུད་རིམ་ནང་ཆོ་ག་ཕྱག་ལེན་བྱེད་རྒྱུ་གཅིག་པོ་རྒྱ་ཆེ་རུ་བཏང་ནས་་རྨོངས་དད་ཤུགས་ཆེ་རུ་བཏང་འདུག
སློབ་གྲྭའི་དུས་ནས་བཟུང༌། ང་རང་བོད་ཀྱི་ཤེས་ལྡན་པའམ་བློ་གྲོས་ཅན་གྱི་མི་སྣ་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ༌། ཟླ་བ་ནོར་བུ། འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང་བཅས་ལ་ཡིད་སྨོན་བྱེད་བཞིན་འཚར་ལོངས་བྱུང་བ་ཡིན། ད་དུང༌། མི་ལ་རས་པ་དང་གླིང་གེ་སེར་ནི་ང་རང་ཆེས་དགའ་སའི་བོད་ཀྱི་མི་སྣ་གཉིས་ཡིན།
ཐོབ་ཐང་རྩོད་ལེན་བྱེད་ན་འགྲིག
སྤྲིན་བྲལ། བོད།
འཇིག་རྟེན་ཁམས་ན་སེམས་ཅན་མང་པོ་ཡོད་ལ། བཟང་ངན་མཐོ་དམན་གྱི་དབྱེ་བ་ཡོད་པར་འདོད་པ་དང་མེད་པར་འདོད་པ་རིགས་གཉིས་ཡོད། ནང་པ་སངས་རྒྱས་པ་ལྟར་ན། རིགས་དྲུག་སེམས་ཅན་ལ་མ་ཡི་འདུ་ཤེས་འཛིན་དགོས་བར་གསུངས་ཡོད་ནའང༌། ད་ཡོད་ཀྱི་འཚོ་བའི་ཁྲོད་དུ་རིགས་རུས་སྐྱེ་ཁུངས་ལ་བཟང་ངན་མཐོ་དམན་གྱི་ཁྱད་པར་ཆེ།
འདུ་ཤེས་འཛིན་སྟངས་དེས་མི་རྣམས་ཀྱི་འཚོ་བ་དང་བསམ་བློ་ལ་བར་ཆད་བཟོ་བཞིན་འདུག འོན་ཀྱང༌། བར་ཆད་དེ་སེལ་ཐུབ་མིན་ནི། ཐད་ཀར་རང་སྟེང་ནས་བཟང་ངན་མཐོ་དམན་གྱི་ཁྱད་པར་ཡོད་མེད་ཁས་ལེན་མིན་དང༌། གཞན་ལ་འདྲ་མཉམ་གྱི་གནས་ལུགས་དེ་ངོ་སྤྲོད་པར་བརྩོན་པ་བྱེད་མིན་ལ་ཐུག་ཡོད། རང་ལ་ངོ་འཕྲོད་པ་དེ་གཞན་ལ་ངོ་སྤྲོད་ཐུབ་པ་བྱུང་ན། ཡོད་ཚད་འདྲ་མཉམ་གྱི་གནས་ལུགས་དེ། ཚང་མས་གཞི་ནས་རྟོགས་ཐུབ་རྒྱུ་རེད། སེམས་རྣལ་ལ་ཕབ་ནས་བསམ་བློ་རེ་བཏང་ན། ཡོད་ཚད་འདྲ་མཉམ་གྱི་གསན་ལུགས་དེ་རྟོགས་ཐུབ་པར་དཀའ་ངལ་ཅི་ཡང་མེད། དཔེར་ན། ཕན་ཚུན་ལ་འཕྲིན་ཡིག་བསྐུར་སྐབས། ཡིག་ཤུབ་སྟེང་དུ་སྡོད་གནས་དང་བསྐུར་ཡུལ་གྱི་མིང་དེ་བོད་ཡིག་གིས་བྲིས་པས་ཀྱང་གསལ་ཁ་གཏོད་ཡོང༌། མི་རིགས་འདྲ་མཉམ་དང་ཡིག་རིགས་འདྲ་མཉམ་གྱི་སྲིད་ཇུས་ལག་ལེན་དུ་བསྟར་ནས་མི་ལོ་དྲུག་ཅུར་ཉེ་ན་ཡང༌། ང་ཚོ་བོད་པ་ཚོས་ཡིག་ཤུབ་སྟེང་དུ་བོད་ཡིག་མ་བྲིས་བར་རྒྱ་ཡིག་ཁོ་ན་བྲིས་ཏེ་ད་ལྟའི་བར་ལུས། བཅིངས་གྲོལ་བྱས་མ་ཐག་བོད་ཡིག་བྲིས་བའི་ཡིག་ཤུབ་འགའ་རེ་མཐོང་མྱོང༌།