རིག་འཛིན།
ལྷ་གཅིག་གངས་རིའི་ལྷ་སྐལ།།
སྲིད་གསུམ་ཕྱག་ན་པད་མོ།།
དགུང་གྲངས་དོན་དྲུག་ཕེབས་པར།།
འཁྲུངས་སྐར་གླུ་དབྱངས་འབུལ་ལོ།།
རིག་འཛིན།
ལྷ་གཅིག་གངས་རིའི་ལྷ་སྐལ།།
སྲིད་གསུམ་ཕྱག་ན་པད་མོ།།
དགུང་གྲངས་དོན་དྲུག་ཕེབས་པར།།
འཁྲུངས་སྐར་གླུ་དབྱངས་འབུལ་ལོ།།
འབའ་སྲས།
མཚན་བཟང་སྐུ་ཡིས་སྐྱེ་རྒུ་དང་བ་འདྲེན།།
བརྩེ་ཆེན་ཐུགས་ཀྱིས་འགྲོ་རྣམས་རྗེས་སུ་བཟུང་།།
ཡང་དག་གསུང་གིས་བདེ་འགྲོའི་ལམ་སྟོན་པ།།
གངས་ཅན་ཁ་བའི་མགོན་པོའི་ཞབས་ལ་འདུད།།
རཱ་ཛའི་མཚན་སྙན་འཛིན་པ་མང་བྱུང་ཡང་།།
རྒྱལ་ཁབ་ཆོས་ཀྱིས་སྐྱོང་བ་ཁྱོད་ལས་མེད།།
ནགས་མའི་ཀློང་དུ་ལྗོན་པ་མང་སྐྱེས་ཀྱང་།།
ཡོངས་འདུས་ལྗོན་པའི་ཟླ་ལ་འགྲན་ནུས་གང་།།
རྡོ་རྗེ་དབང་ཕྱུག
མུན་པས་བྱེར་བའི་གངས་ཀྱི་འཛིན་མའི་ཁམས།།
སྡུག་བསྔལ་འོ་དོད་ནག་པོས་བཟུང་བའི་མུན།།
མཐར་བྱེད་ཉི་མ་བྱེ་བའི་དཔལ་འཛིན་པ།།
གྲུ་འཛིན་གསེར་གྱི་རི་ལ་མངོན་པར་འཆར།།
དེ་ཚེ་སྐྱེ་དགུའི་བསོད་ནམས་ནགས་མའི་ཚལ།།
དགའ་སྤྲོའི་འཛུམ་པ་གྲོལ་བའི་མེ་ཏོག་གི།
བསུང་ཞིམ་བཀྲ་ཤིས་དགེ་བས་ཡོངས་འཁྱུད་པས།།
བོད་ཁམས་རྫོགས་ལྡན་དཔྱིད་ཀྱི་རི་མོས་བཟུང༌།།
དེ་ལས་མང་བ་། “འཁྲུངས་སྐར་དུས་ཆེན་ལ་ཕུལ་བའི་སེམས་ཀྱི་མཆོད་པ།” »
(༧གོང་ས་མཆོག་གི་འཁྲུངས་སྐར་ལ་ཕུལ།)
ནེ་རོ་གཙུག་ལག་སློབ་གྲྭ་ཆེན་མོ། ཤེས་རབ་རྡོ་རྗེ།
དུས་རབས་གསར་རྙིང་བསྣོལ་བའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ན།
ཤར་ནུབ་ཤེས་རིག་འཐབ་པའི་དེང་རབས་ཀྱི་ཁུགས་སོ་དེ་ན།
ལོ་རྒྱུས་དང་གཟི་བརྗིད་ཀྱི་གླེགས་བམ་ཁུར་བའི་འཛམ་གླིང་གི་ཡུལ་སྐོར་བ་ཁྱེད།
གཞན་ཕན་དང་བྱམས་བརྩེའི་ལྷུང་བཟེད་ཐོགས་པའི་ཞི་བདེའི་སློང་མོ་བ་ཁྱེད།
ཁྱེད་རང་ཡང་སྙིང་གནས་གང་ཞིག་ཏུ་ཕེབས།
ཁྱེད་རང་སུ་ཞིག་གི་ཆེད་དུ་འདི་ལྟར་མི་ཡུལ་དུ་སློང་མོར་ཕེབས་དགོས་བྱུང་།
ཐེ་བོ་དཀོན་མཆོག་ཤེས་རབ་ནས་ཕུལ།
༼༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༧༦ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་གུས་འདུད་དང་བཅས་བཀྲ་ཤིས་བདེ་ལེགས་འབུམ་ཕྲག་ཞུ་བ་དང་ཆབས་ཅིག མགོན་པོ་གང་གི་མཛད་བཟང་ལ་བསྟོད་པ་བདེན་དོན་གསལ་བའི་ཉིན་བྱེད་ཅེས་བྱ་བ་འདི་ཡང་ཆེད་དུ་འབུལ་ལམ་ཞུ་རྒྱུ་ཡིན།༽
༄༅། །༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ལ་བསྟོད་པ་བདེན་དོན་གསལ་བའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ།
གང་ཞིག་ཆོས་གཅིག་ལག་ཏུ་མཆིས་གྱུར་ན།།
དེ་ཡིས་ཆོས་ཀུན་ལག་ཏུ་མཆིས་སོ་ཞེས།།
གསུང་རབ་ཀུན་ལས་ཡང་ཡང་བསྔགས་པ་ཡི།།
ཐུགས་རྗེའི་ཡིད་བཞིན་ནོར་བུ་དེ་ལ་བསྟོད།།
གང་གི་རང་མདངས་མ་འགགས་ཡིད་འོང་མཚན་དཔེའི་བཞིན་ལག་སྐུར།།
ཤར་བས་གསང་གསུམ་འཕྲིན་ལས་གྲིབ་བསིལ་སྣུམ་པོར་སྐྱེ་དགུ་རྣམས། །
ཀུན་ནས་ངལ་བསོས་ཞི་བདེའི་འབྲས་བཟང་སྤྱོད་ལ་འགོད་མཛད་པ།།
༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཡོངས་འདུའི་ལྗོན་བཟང་གང་དེར་འདུད།།
ལྷ་བསང་གཏོང་རོགས། ཆོས་དུང་འབུད་རོགས།
ཁྱེད་རང་མ་གཞི་ནས་བསང་ཁྲི་སྔོན་པོ་ཞིག
ཁྱེད་རང་གདོད་མ་ནས་ལྷ་སྒྲུང་ནག་པོ་ཞིག
རེབ་གོང་ཨཱ། ཕ་ཡི་རུས་ཟད་ཅིང་མ་ཡི་ཟུངས་འཐོར་བའི།
ལོ་རྒྱུས་ཀྱི་བླ་མཁར་སྨུག་པོ་ཨང་།
ཁྱེད་ནི། མཚམས་ལན་རེ་རེར།
མཐོན་པོའི་སྒང་ན་རྒྱུ་བའི་བསིལ་མོ་རླུང་དང་འདྲ་ཞིང་།
ཁྱེད་ནི། མཚམས་ལན་རེར།
དམའ་མོའི་གཞོངས་ན་འབབ་པའི་དྭངས་མོ་ཆུ་དང་མཚུངས་ཏེ།
བཙན་པོའི་སྙིང་ན་ཁྲག་དྲོན་ལྷོག་ལྷོག་འཁོལ་ཅིང་།
ཟེར་འོད་ལམ་ལམ་འཚེར་བའི་རོང་བོ་དགོན་ཆེན་ཉིད་ནི།
སྔོན་མོའི་སྤང་ན་འགྱིང་བའི་སྦྲ་ནག་ཁེར་རྐྱང་ངམ།
སྨུག་པོ་རྫ་ན་གཤར་བའི་འབྲོང་རྒོད་དར་མ་ཨང་།
དོལ་སྨྱོན།
༡༽
སེམས་སོང་བུ་མོའི་བཞིན་རས་མཐོང་དུས་སྨྱོན་པ་མི་སྨྱོ་རང་སྨྱོ་རེད།།
སེམས་ཀྱི་ཕྱི་ནང་སྨུག་པས་བཏུམས་དུས་སྙན་ངག་མི་འབྲི་རང་འབྲི་རེད།།
ཡོད་ཚད་མུན་པའི་ཟབ་སར་འཐིམ་དུས་རྒུན་ཆང་མི་འཐུང་རང་འཐུང་རེད།།
ཐམས་ཅད་ཐལ་བའི་རྡུལ་དང་འདྲེས་དུས་སྨྱོན་པ་མི་ངུ་རང་ངུ་རེད།།
༢༽
མེ་ཏོག་ལྟ་བུའི་འཇིག་རྟེན་འདི་ཉིད་མྱ་ངམ་བྱེ་མའི་ཐང་དང་མཚུངས།།
འཚོར་ཤུགས་སྐྱེན་པའི་རྣམ་དཔྱོད་འདི་ཉིད་རྡོ་ཡིས་རྨས་པའི་བྱ་དང་མཚུངས།།
མཛེས་ཉམས་དོད་པའི་འཁོར་ཡུག་འདི་ཉིད་མི་སྡུག་གཤིན་རྗེའི་གླིང་དང་མཚུངས།།
ཡོད་ཚད་སུན་པའི་རྒྱུ་རུ་གྱུར་དུས་སྨྱོན་པའི་རྣམ་ཐར་འཁྲབ་འགོ་ཚུགས།།
བསམ་གླིང་ཚེ་རིང་ལྷ་མོ།
སྤྲིན་གྱི་རྒྱུ་བ་ལྷོད་པའི་ཉིན་དེར་སེམས་ཀྱི་རྒྱུ་བ་དེ་བས་ཟབ།།
ཕན་ཚུན་སེམས་ཀྱི་བརྩེ་བའི་བར་ཐག་ཅི་ལྟར་ཟབ་ཅིང་ཉེ་ན་ཡང།།
དྲན་པའི་སྙིང་གཏམ་ཤོད་རྒྱུ་མང་བས་གཏམ་གྱི་གྲོས་འགོ་ག་ནས་གླེང།།
ཟབ་ཅིང་བརླིང་བའི་ཡིད་ཀྱི་སྣ་ཐག་ག་ལེར་འཁྲིས་ལ་ཇི་ལྟར་འཐེན།།
ན་བུན་འཚུབ་མ་རླུང་གིས་དེད་ནས་ལྷུན་པོའི་སྤོ་ལ་རིམ་གྱིས་འཁྱུད།།
ཆར་གྱི་ཟེགས་མས་སྐྲ་ལོ་བརླན་ཀྱང་ད་དུང་ཕྱོགས་དེར་ཅེར་དོན་ཅི།།
ཡིད་ཀྱི་ཞིང་སར་སིམ་ན་འདོད་པའི་ཆུ་མིག་དྭངས་མོ་ཁྱད་འཕགས་ཤིག
ཉིན་མཚན་ཀུན་ཏུ་འདྲེན་བྱེད་མདུན་དུ་རི་མོར་འཕྱོ་འམ་འཕྱང་མོ་ཉུག
སྔོ་བསང་གི་ནམ་མཁའ་ནས་ཅི་ཙམ་ཉན་ཡང་ཚིམ་པ་མེད་པའི་གདངས་དབྱངས་ཤིག་བཞུར་འོངས།
དབྱངས་རྟ་དེའི་ལྟེབས་གཉེར་རེ་རེའི་བར་ན་མི་ལོ་ཁྲི་ཕྲག་གི་བརྩེ་དུང་གི་རྒྱ་མཚོ་འཁྱིལ་འདུག་ཅིང་།
དབྱངས་རྟ་དེའི་མཛེས་སྡུག་གི་ཕྱི་ཤུན་གྱི་ངོས་སུ་འཇིག་རྟེན་འདིའི་ཆེས་མཛེས་པའི་རྟོགས་བརྗོད་དག་བྲིས་འདུག
གདངས་དབྱངས་དེའི་བཞུར་རྒྱུན་གྱིས་མི་ལོ་སྟོང་ཕྲག་གི་སྐྱོ་གདུང་ཅིག་ཅར་སེལ་ཐུབ་ཅིང་།
གདངས་དབྱངས་དེའི་དྲི་ཞིམ་གྱིས་མི་ཚེ་ཧྲིལ་བོ་ཞིག་གི་སུན་སྣང་ཡང་བསུབ་ཐུབ།
གདངས་དབྱངས་དེ་ཆར་བའི་ཀློང་ནས་ཆར་བ་དང་འགྲོག་སྟེ་འབབ་བཞིན་འདུག་ལ།
དེ་ནི་འཇའ་ཚོན་གྱི་ཀློང་ན་འཇའ་ཚོན་དང་སྡེབས་ནས་འཚེར་བཞིན་འདུག
དེ་ལས་མང་བ་། “ནམ་མཁའི་དབྱིངས་ནས་བཞུར་འོངས་པའི་གདངས་དབྱངས་ཤིག” »
གསལ་ལེ་རྒྱལ།
སྒྲོལ་མ་ཉེར་གཉིས་མ།
དྭངས་གཙང་ཆབ་ཀྱིས་སྐུ་ལུས་འཁྲུས་མ།།
དྲི་ཞིམ་ཆུ་ཡིས་གང་སར་བྱུགས་མ།།
རང་བྱུང་ལུས་ཀྱི་མཛེས་སྡུག་ངོམས་མ།།
དཀར་དམར་རྩི་ཡིས་མངལ་སྒོ་རྒྱན་མ།།
སྒྲོལ་མ་ཉེར་གསུམ་མ།
གླིང་རྫི་དོར་མའི་ཁ་ཐུག་ལྷོད་མ།།
རྟག་ཏུ་ལམ་གྱི་བཞི་མདོ་སྲུང་མ།།
དགྲ་གྲོགས་གཉིས་ལ་དབྱེ་བ་མེད་མ།།
སུ་ཡིས་འཐེན་ན་དེ་ལ་འགྲོགས་མ།།
རིག་འཛིན།
ཕ་མེས་ཡང་མེས་དུས་ལ།།
སྟོབས་འབྱོར་མངའ་ཐང་ཅན་གྱི།།
ཀ་མད་སུམ་ཅུའི་ཁྱིམ་གྱིས།།
གངས་རིའི་མཛེས་སྡུག་བསྐྲུན་སོང་།།
ཡབ་ཆེན་ཐུ་མིས་གཟིགས་དང་།།
ཁྱེད་ཀྱི་བུ་ཕྲུག་མང་པོས།།
ཀ་ཁའི་ཕ་སྐད་བརྗེད་དེ།།
ར་མ་ལུག་སྐད་གསུངས་ཀྱིས།།
ཀླུ་སྨྱོན་ཧེ་རུ་ཀ
བདག་གི་ལྷ་ཁང་གི་རྩིགས་ལྡེབས་སུ་ལོ་ངོ་ཁྲི་ཕྲག་གི་རིང་ཆགས་པས་དྲག་ཏུ་གཟིར་བའི་ལྷ་དང་ལྷ་མོའི་ཚོགས་དག་ཀྱེ།
ད་ནི་གཅིག་གིས་གཅིག་ལ་ཅེར་ནས་མ་འདུག་པར་བྲང་ཤ་རྩུབ་པོ་དང་མྱོས་བུམ་འཇམ་པོ་དག་ཅི་དགར་གཙུབ་བརྡར་བྱོས་ཤིག
དོམ་ནག་སྨྱོན་པ་དང་ས་འབུ་ཐག་ནར་ལ་ཞོན་པའི་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱེ།
རྩ་དབུ་མའི་ནང་དུ་འདོད་དགུར་འཁྱིལ་བའི་ཁུ་ཁྲག་དཀར་དམར་གྱི་རྒྱ་མཚོའི་རྦ་རླབས་ཀྱི་ཕྲེང་བ་དག
ཕན་ཚུན་གྱི་སྙིང་རྩ་དང་ཀླད་རྩའི་ནང་དུ་འཁོར་རྒྱུག་རྒྱ་ཡན་དང་བག་མེད་པར་བྱེད་དུ་ཆུགས་ཡ།
དེ་ལས་མང་བ་། “ཉི་མས་ཟླ་བ་བཞུ་སྟངས་ཤིག—རྣལ་འབྱོར་བའི་ཆོས་ལུགས།” »
ལྡོང་ཆུ་ཤེལ། (ལྡོང་ངེ་བསྟན་འཛིན་གྲགས་པ།)
ཐེངས་འདིའི་སྟོན་རླུང་གིས་བཀྱགས་པའི་ཁྲུང་ཁྲུང་གི་གཤོག་རླབས་དཀར་པོ་ལ།
ཁྱོད་ཀྱི་མིག་མཐའ་ནས་ཞུ་མ་ཐུབ་པའི་མུ་ཏིག་རྡོག་པོ་རེ་རེས།
འོད་མདངས་ཟབ་མོའི་འགྲེལ་བབཤད་རེ་རེ་ཁུར་ཏེ།
གངས་རིའི་ཉིན་སྲིབ་ཏུ་ཤུགས་ཀྱིས་འཕྱོ།
མཚོ་མོ་གཞན་ཞིག་གི་གནས་ཚང་ལ་ཤུགས་རིང་འབྱིན་པའི་ངང་བ་ལགས།
ཁྱོད་ཀྱིས་ཅུང་ཙམ་སྒུག་རོགས།
སྙན་ངག་པས། ཁྱོད་དང་རྒྱང་རིང་དུ་ལྷུང་བའི་སྐར་མདའི་རྗེས་ལ།
ཆེས་རྣོ་བའི་མིག་ཟུང་གི་གོམ་འགྲོས་འཁྱོར་བཞིན།
ཆུ་རྒྱུན་དུ་བསྲིངས་པའི་མཛའ་གཞས་དྭངས་མོ་ཞིག་གི་སྣེ་མོར།
འཕག་འཚག་རྒྱག་པའང་ཁྱོད་ཚོའི་ཆེད།
ཐེ་བོ་དཀོན་མཆོག་ཤེས་རབ་ཀྱིས།
ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ།
༧རྒྱལ་གསུང་ཡིད་བཞིན་མཚོ་ལས་འཁྲུངས། །
བག་ཡོད་འདབ་བརྒྱ་ཕྱོགས་སུ་གྲོལ། །
ལུགས་གཉིས་གཙུག་ལག་དྲི་བསུང་ཅན།།
དཔལ་ལྡན་ཟམ་གདོང་ཆུ་སྐྱེས་རྒྱལ།
།སྡོམ་གསུམ་ཚུལ་ཁྲིམས་གོས་ཀྱིས་བཀླུབས། །
འཚེ་མེད་ཞི་བའི་སྤྱོད་པས་མཛེས། །
བདེན་དོན་ལྟ་བའི་གདེང་དང་ལྡན། །
ལུགས་གཉིས་མདུན་སའི་རྒྱན་དུ་ཆེ། །
རྣམ་པ་ཀུན་ཏུ་ཁྱོད་ཀྱི་ཐུགས། །
སྙིང་རྗེའི་གཞན་དབང་གྱུར་པ་ཡིས། །
ཤིན་ཏུ་ཉམ་ཐག་གངས་ཅན་པ། །
སྐྱོང་ལ་ཁྱོད་ཉིད་ངལ་མ་གྱུར། །
དེ་ལས་མང་བ་། “༄༅། །མི་༧རྗེ་བཀའ་བློན་ཁྲི་བ་མཆོག་ལ་བསྟོད་པ་ངོ་མཚར་བརྒྱ་ལྡན་ཞེས་བྱ་བ་བཞུགས་སོ།” »
ལྷོ་ཕྱོགས་ཉི་ཟླ།
མི་རབས་བརྗེ་མཚམས་སུ་རྒས་གཉེར་གྱི་སུལ་ནས་གཉིད་དུ་ཡུར་བའི་གྲོང་ཚོ་ཞིག
—ཁ་བྱང་གི་འགྲེལ་བཤད།
ལོ་ཟླའི་དཀའ་ཚེགས་མང་གང་ཞིག་བརྒྱུད་མཐར།
མི་ལོ་ལྔ་བཅུའི་ཡར་སྔོན་གྱི་ཆེས་གཞོན་ཤ་ཆགས་པའི་རྡ་རམ་ས་ལའི་རི་གྲོང་འདི་ད་ནི་ཡོངས་སུ་རྒས་འདུག་སྟེ།
གོང་ས་མཆོག་གི་མཐོང་གྲོལ་ཞལ་རས་ལ་བགྲེས་གཉེར་བབས་འདུག་པ་འདི་ཡང་གཞན་ཡུལ་ནས་གཞན་དོན་ལ་བསྒྲུབ་རྒྱུ་མང་དྲག་པའི་རྟགས་རེད།
ཟམ་གདོང་བླ་མའི་ངོ་གདོང་སྐྱ་བོ་དེར་ཡང་རྒས་གཉེར་བབས་པ་འདི་བོད་མི་རིགས་ཀྱི་དོན་དུ་སྐུ་ངལ་བསྐྱལ་བས་རྟགས་རེད།
བཀའ་ཤག་ལས་ཁུངས་ཀྱི་ནང་ལ་འཛུལ་སའི་རྡོ་སྐས་ཟད་པོ་དེར་རྒས་གཉེར་བབས་འདུག་འདི་ཡང་སྤྱི་དོན་དུ་ཡར་མར་དུ་ཕེབས་རྒྱུ་མང་དྲག་པའི་རྟགས་རེད།
དེ་ལས་མང་བ་། “ཀླུ་སྨྱོན་གྱི་རྡ་སར་རྒས་གཉེར་བབས་པའི་རྩོམ་དེའི་མཇུག་མཐུད་དེ་བྲིས།” »
ཨ་འདུས་མིག་ཆུ
ཤར་ལམ་བརྟོལ་བའི་ཉི་རྩེ་དམར་པོའི་མདངས།།
གསེར་ཏོག་རྒྱན་ལ་ཕོགས་པའི་ལམ་ལམ་འོད།།
འདྲེན་བྱེད་ཕྲེང་བར་གསལ་བའི་སྣང་བ་དེ།།
ད་ལྟ་དྲན་ན་འགྲོ་བའི་འདུན་པ་ལྕི།།
ཚུལ་ཁྲིམས་ངད་ཀྱི་དྲི་བསུང་རབ་ཏུ་འཐུལ།།
མདོ་སྔགས་གཙང་མའི་རྒྱ་མཚོ་ཐུགས་ན་གཏམས།།
བཤེས་གཉེན་འདུལ་འཛིན་མང་བའི་ནོར་བུ་གླིང།།
བྲལ་དགོས་བྱུང་བའི་ལས་འདི་ཀྱེ་མ་ཧུད།།
ན་མོ་གུ་རུ་དྷརྨྰ་ར་ཛ་ཡེ། །
ཆོས༷་དབྱིངས༷་སྐྱེ་མེད་ནམ་མཁའ་ཡངས་པ་ལས། །
ཡེ་ཤེས་རྡོ༷་རྗེ༷་མཁྱེན་བརྩེའི་འོད་ཟེར་ཅན། །
རྣལ་འབྱོར་དམ་པའི་ཉི་མ་ཆོས་ཀྱི་རྒྱལ། །
གསང་ཆེན་བསྟན་པའི་བདག་པོ་ཁྱེད་ལ་འདུད། །
དཔལ་ལྡན་བླ་མའི་རྣམ་ཐར་སྲིད་ཞིའི་རྒྱན། །
ཞབས་རྡུལ་སྤྱི་བོས་བསྟེན་པའི་གྱི་ན་བས། །
ཡིད་ལ་གང་ཤར་སྒྲོ་བསྐུར་བྲལ་བ་ཡིས། །
ཆོས་དུང་སྙན་པའི་སྒྲ་དབྱངས་འདི་ནས་འབུད། །
དེ་ལས་མང་བ་། “རྣལ་འབྱོར་བ་ཆོས་དབྱིངས་རྡོ་རྗེ་ལ་གསོལ་འདེབས་ཆོས་དུང་དཀར་པོའི་དབྱངས་སྙན་ཞེས་བྱ་བ། །” »
སྐར་ཁྲི་བཙན།
རིག་རིག་ཐམས་ཅད་ལ་སྤྲེལ་ལད་མེད་ན།།
འཚོ་བའི་བྱུང་རིམ་ན་བར་ཆད་མང་གི།།
ཐུག་ཐུག་ཡོད་ཚད་ལ་ངོ་དགའ་མེད་ན།།
མངོན་ལྐོག་གཉིས་ཀ་ན་ལབ་གླེང་མང་གི།།
དམར་ནག་གྱོད་གཞི་ཡི་རྨ་ཁ་ཟབ་པས།།
དམར་པོའི་ཤོག་ཁག་འཆམ་ཐབས་མ་ཐོན།།
དམར་པོ་ཤ་ཁྲག་གི་འཚོ་བར་གོམས་པས།།
དམར་མདོག་གཟན་ཤམ་དང་ལས་དབང་མ་ཡོད།།
མཐོ་རིས་འོད་གསལ་ལྷ་ཡི་རྨུ་ཐག་སྟོང་ཆེན་དག་པའི་དབྱིངས་སུ་བསྡོགས།།
འཚོ་བའི་རྟེན་གཞི་སྣོད་ཀྱི་གོང་བུ་ཚད་མེད་སྔོག་འབྲེག་རྨ་ཁས་གང་།།
རིགས་རུས་གཙང་མའི་ཤ་ཁྲག་རྒྱུས་པ་སྡིག་སྲིན་ཁྲོས་པའི་ཟས་སུ་གྱུར།།
དཀའ་སྡུག་ཁུར་བརྒྱས་མནར་བའི་འཇིག་རྟེན་བདག་གི་ཕ་ཡུལ་གངས་རིའི་ལྗོངས།།
ཁོ་བོས་ལ་རྒྱའི་མགོ་བོ་བཏེགས་ཏེ་འདས་རྗེས་བཤུལ་ལམ་སྙེག་ཙ་ན།།
གྲངས་མེད་མཚུན་གྱི་སྲོག་གཟུགས་སྦས་ཡུལ་དབྱངས་གསལ་སྦྱོར་བའི་དུད་ཁྲོད་ན།།
འཆི་བདག་གཤིན་རྗེའི་བཀའ་ཡིས་མ་འཆུན་ཐན་སྐད་གཏོང་བའི་སྤྲེལ་ཁྱུ་ཞིག།
མི་སྡུག་ཉམས་བརྒྱའི་སྟངས་སྟབས་སྒྱུར་བཞིན་འཇིགས་ཞུམ་འཁུན་བུ་འདི་སྐད་སྒྲོག།
གྲུབ་རིགས་མངོན་སྤྱོད་སྒྲོ་ལྡན་འཁོར་ལོ་རྗེ་བོའི་སྙིང་ལ་བསྐོར་བ་ལས།།
བཙན་པོས་བཀའ་ལུང་ཕྱག་རྒྱས་བཏབས་པ་སྣོད་བཅུད་འཇིག་རྟེན་རྒྱ་རལ་ཏེ།།
རྔམ་སེམས་ལས་ཀྱི་དཔུང་བ་གཏུམ་པོ་ལྟ་བའི་འདུས་མདོར་ལྟག་སྤྲོད་ཀྱིས།།
གངས་འདབ་ཟེ་བའི་འགྲམ་སྟེགས་ངོས་སུ་ཁྱིམ་གཞིས་སྣོག་པའི་རུ་མཚོན་བསྒྲེངས།།
མེས་པོའི་པུར་གདུང་རིན་ཆེན་བང་སོ་རྐུན་ཇག་བཀྲེན་པོས་བག་མེད་བྲུས།།
འབུམ་ཕྲག་སྲོག་གིས་བླུས་པའི་རྒྱལ་ཁམས་རང་འདོད་དཔུང་གིས་ཧབ་ཐོབ་བྱས།།
མཆོག་དམན་བར་མའི་སྐྱེ་བོ་ཕལ་ཆེར་ཕལ་བའི་དངོས་པོར་དབུ་ཁོར་ནས།།
མཐའ་སྲུང་དྲུག་ཁྲིའི་ཀྭི་བསྭོའི་འབོད་སྒྲ་སྲ་མཁྲེག་སྙན་གྱི་ཚོར་མ་མྱོང་།།
ལྷ་མིའི་འཁྲིག་སྦྱོར་སྒྱུ་རྩལ་ལས་འོངས་སོག་རྒྱལ་རྒྱལ་ཐབ་དམག་གི་དཔུང་།།
ཚུལ་མིན་བཙན་འཛུལ་གཡུལ་གྱི་ཞུགས་ཆེན་ཆེན་པོའི་ས་ལ་མཆེད་པའི་ཟིལ།།
མ་བཟོད་སྡར་མ་ཚལ་སྡེས་བོད་ཡུལ་ཡུལ་ཁམས་གཞན་ལ་རྩིས་སྤྲོད་ཀྱིས།།
ས་ཡ་དྲུག་གི་བླ་སྲོག་རྟེན་གཞི་གཞི་ནས་འཇིག་པའི་ཆོ་ག་བརྩམས།།
ཆར་བའི་ཁྲོད་ཀྱི་བུ་མོ།
རས་པ།
ནམ་མཁའ་ངུས་སོང
ཤམ་ཤམ་དུ་བཞུར་བའི་མིག་ཆུས
མི་ཡི་ལུས་པོ་ཡོངས་སུ་བརླན་ཞིང
བུ་མོའི་དཀར་སང་སིང་གི་སྐྲ་མཚམས་བསྲེས་ཏེ
ཞལ་རས་ཡོངས་སུ་སྒྲིབ