རིག་འཛིན།
ལྷ་ལྡན་བོད་ཡུལ་ཆོས་ཀྱི་ཞིང་སར།།
དམ་ཆོས་བདུད་རྩིའི་ཆོས་ཆར་མ་འབབ།།
གདོང་དམར་བུ་ཕྲུག་ཐན་པས་རྡུང་དུས།།
ཡབ་མེས་བཙན་པོའི་མངའ་ཐང་དྲན་བྱུང་།།
གངས་ཅན་ལྗོངས་ཀྱི་ཕ་ས་དྲོད་མོར།།
ཡ་རབས་བཟང་པོའི་ནོར་བུའི་བང་མཛོད།།
མ་རབས་ཇག་པས་ཉིན་བཞིན་བཅོམ་དུས།།
ཡབ་མེས་བཙན་པོའི་གཟི་བརྗིད་དྲན་བྱུང་།།