ཀླུ་སྨྱོན།
ཁོ་བོ་ཤི་རྗེས་རང་གི་ལུས་སེམས་གཉིས་ཀ་འཐིམ་ན་འདོད་སའི་ཕ་ཡུལ་གྱི་རི་སྒང་དང་ནམ་མཁའི་འདྲ་པར།
མི་ཚེ་ཐུང་ཐུང་ཞིག
འདི་ལྟར་དགའ་སྐྱོ་ཆགས་སྡང་གི་སེམས་ཚོར་གྱི་ཀློང་ནས་ཟད་སོང་།
མི་ཚེ་རིང་མོ་ཞིག
འདི་ལྟར་ཐོབ་ཤོར་རེ་དོགས་ཀྱི་བསླུ་བྲིད་འབའ་ཞིག་གི་ཁྲོད་ནས་རྫོགས་སོང་།
རིང་ཞིང་ཐུང་བའི་མི་ཚེ་འདིར།
དགེ་སྡིག་གང་ཞིག་བསགས་ཡོད་མེད་དེ་ཀུན་གཞིའི་བག་ཆགས་ཀྱི་གཏིང་རུམ་དུ་རྒྱས་བཏབ་སྟེ།
ད་ནི་འཆི་བྲོད་ཐིགས་ཚགས་མ་*རེ་བྱེད་རེ་རན།
ད་ནི་འགྱོད་པ་མེད་པའི་ཁ་ཆེམས་སྐྱིད་པོ་རེ་ཡང་འཇོག་རེ་རན།
གལ་སྲིད་ང་རང་སྨན་ཁང་ཞིག་ནས་ཤི་བ་ཡིན་ན།
ངའི་གཟུགས་ཕུང་འདིར་སྒུལ་སྐྱོད་མ་གཏོང་བར་ཉི་མ་གསུམ་ལ་ཞོག
གལ་སྲིད་ང་རང་ཁྱིམ་ཚང་ཞིག་ཏུ་གཉིད་པ་ཡིན་ན།
ངའི་རྣ་ལམ་དུ་ཉི་མ་ལྷ་ས་ཞེས་པའི་གླུ་གཞས་དེ་ཉི་མ་གསུམ་ལ་ཞི་འཇགས་ངང་ཐེངས་རེ་གཏོང་རོགས།