༼བོད་ཀྱི་དུས་བབ་ནས་དྲངས།༽
ད་སྐབས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ན་གནས་ཚུལ་ཚ་པོ་ཞིག་འགྲོ་བཞིན་པ་ནི་མའོ་ཙེ་ཏུང་གི་ཚ་བོ་མའོ་ཞིན་ཡུ་ཟེར་བ་དེ་རྒྱ་ནག་གི་དམག་སྤྱིར་བསྐོ་རྒྱུ་ཡིན་ལུགས་དེ་རེད།
མའོ་ཞིན་ཡུ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཡབ་ཆེན་མའོ་ཙེ་ཏུང་གི་ཁྱིམ་བརྒྱུད་ན་ལྷག་ཡོད་པའི་ཕོ་ཤུལ་གཅིག་པུ་དེ་ཡིན་པར་བཤད་ལ། ད་ལོ་རང་ལོ་རང་ལོ་ ༣༩ ཡིན་འདུག
རྒྱ་ནག་གི་དམག་ཁུལ་ནས་ད་ཆར་གཞུང་འབྲེལ་གྱི་གསལ་བསྒྲགས་བྱས་མེད་ནའང་གཞུང་འབྲེལ་གསར་ལམ་ཁག་དང་དྲ་ཚིགས་སོགས་སུ་གནས་ཚུལ་བསླེབས་པ་ལྟར་ན། མའོ་ཞིན་ཡུ་ནི་རྒྱ་ནག་གི་བཅིངས་འགྲོལ་དམག་མིའི་དམག་སྤྱི་ལོ་ན་གཞོན་ཤོས་དེ་ཆགས་རྒྱུ་ཡིན་ཚུལ་འདུག
གནས་ཚུལ་འདི་ཐོག་མར་སྤེལ་མཁན་ནི་ཕྱི་ཚེས་ ༢༤ ཉིན་གྱི་ཁྲང་ཆེན་ཉིན་རེའི་གསར་ཤོག་ཡིན་ལ། གསར་ཤོག་འདི་ནི་གཞུང་འབྲེལ་གསར་ཤོག་ཡིན།
རྒྱ་ནག་གིས་མའོ་ཙེ་ཏུང་དང་དམར་ཤོག་ཚོགས་པ་རྒྱལ་ཁབ་ཀྱི་དབང་སྒྱུར་སྟོབས་ཤུགས་ཆེ་ཤོས་སུ་གྱུར་ནས་ད་བར་མི་ལོ་ ༦༠ འཁོར་བའི་དུས་དྲན་ལ་གྲ་སྒྲིག་བྱེད་ཀྱིན་ཡོད་ལ། དུས་དྲན་འདི་མ་བསླེབས་པའི་བདུན་ཕྲག་གཅིག་ཏག་ཏག་གི་སྔོན་དེར་མའོ་ཡི་ཚ་བོ་མའོ་ཞིན་ཡུ་དམག་སྤྱི་ལ་བསྐོ་བཞིན་པའི་གནས་ཚུལ་དེ་ཕྱིར་བསྒྲགས་ཡོད་པ་རེད།