དཔལ་ལྡན་རྣམ་རྒྱལ།
དེང་དུས་སྤྱི་ཡོངས་ངོས་འཛིན་གྱི་ཆ་ནས་བསམ་སྐབས། སློབ་སྤྱི་ཞེས་པའི་མིང་འདི་སུ་ཞིག་ལ་ཐོགས་ཡོད་ན། དེ་ནི་གང་ཡང་རུང་བའི་ཤེས་རིག་སྡེ་ཚན་ཞིག་གི་གཙོ་འཛིན་ཞིག་དང༌། ཁོང་ལ་མཁྱེན་དཔྱོད་ཡངས་ཤིང་ཀུན་སྤྱོད་ཚད་འཕེར་ཞིག་དགོས་པ་སྤྱི་མཐུན་ཡིན་མོད། འོན་ཀྱང༌། དེ་རིང་བདག་གིས་གླེང་གཞིར་བཟུང་བའི་སློབ་སྤྱི་ལ་མཚོན་ན། དེ་ལྟ་བུའི་འོས་ཆོས་ཕལ་ཆེར་ཨེ་ཡོད་སྙམ་པས་དོགས་སློང་གི་ཚུལ་དུ་དཔྱད་འཇོག་ཕྲན་བུ་ཞིག་བྱེད་འདོད་ཀྱི་འདུ་ཤེས་སྐྱེན་པོ་ཞིག་འགོག་མེད་དུ་འཕྱུར། དེའི་རྒྱུ་མཚན་ཡང༌། སློབ་སྤྱི་ཁོང་གི་བསམ་པ་ནག་པོ་དང་སྤྱོད་པ་རྩུབ་པོས་བསླངས་པའི་སློབ་མའི་ལུས་སེམས་རྨ་ཁ་འཇོག་རྒྱུ་ཇེ་མང་ཇེ་སྡུག་ཏུ་སོང་བས། འདི་ལྟར་འབྲི་དགོས་པ་དེ་ཁོང་གི་བསམ་སྤྱོད་ལ་ཚོད་འཛིན་བྱེད་མཁན་མེད་པས་ཡིན་ལ། ཐོག་མའི་གླེང་སློང་གི་དགོས་དོན་སྙིང་བོའང་ཡིན་ནོ།།
༡༽ ངང་རྒྱུད་ཐུང་བའི་སློབ་སྤྱི།
དོན་ཆེན་སྒྲུབ་ན་ངང་རྒྱུད་རིང་དགོས་ཞེས་པའི་གཏམ་དཔེ་ལྟར། སློབ་སྤྱི་ཞིག་གི་ལས་འགན་གྱི་ཆ་ནས་གཞིགས་དུས། གལ་ཆེན་རང་བཞིན་དང་འགན་འཁྲི་ལྕི་མོ་ཞིག་ཡོད་པ་རེད། དེས་ན། སློབ་སྤྱི་སུ་ཞིག་གིས་རང་བབ་འོས་འགན་དེ་སྒྲུབ་སྐབས། ངེས་པར་དུ་ངང་རྒྱུད་རིང་དགོས་པ་མ་ཟད། ངང་རྒྱུད་འཇམ་པོ་ཞིག་ཀྱང་དགོས་པ་ནི། སློབ་སྤྱི་དེའི་ལས་དོན་མངོན་གྱུར་ཡོང་ཐབས་ཀྱི་མ་མཐའི་ཆ་རྐྱེན་ཞིག་རེད་མོད། ཡིན་ནའང༌། ད་ལྟ་ངས་གླེང་གཞིར་གྱུར་པའི་སློབ་སྤྱིར་མཚོན་ན། ངང་རྒྱུད་རིང་བོའི་བསམ་སྤྱོད་ཅིག་ཡོད་པ་ལྟ་ཞོག ཐ་ན་ངང་རྒྱུད་འཇམ་པོའི་གཤིས་ཀ་ཞིག་ཀྱང་མ་མཆིས། གང་གིས་ཟེར་ན། ཁོང་གིས་ལས་དོན་ཆེ་ཆུང་གང་ཞིག་བརྩམས་དང་རྩོམ་བཞིན་པའི་སྐབས་འདིར། བསམ་ཤེས་དང་བཟོད་སེམས། བསྟུན་ཤེས་དང་གུ་ཡངས་སོགས་ཅི་ཡང་མེད་པར་རང་སྣང་གང་ཤར་གྱིས་འཇུག་རྩོམ་བྱེད་རྐྱང་ཡིན་པ་དང༌། ད་དུང་སྔ་ཕྱིར་རྒྱང་གཟིགས་མི་བྱེད་པས་སྟོབས་ལས་ནོར་སྐྱོན་གྱི་ཕྱོགས་གང་མང་ཞིག་གི་གཡང་གཟར་ནང་དུ་ལྷུང་གྲབས་བྱེད་དུས། ལྷག་བསམ་དང་དཔྱོད་ལྡན་འགའ་རེས་འགྲིགས་མིན་དང་ལེགས་མིན་གྱི་དྲང་མོའི་བསམ་ཚུལ་ཕུལ་སྐབས། གློ་བུར་དུ་མེ་དཔུང་དམར་བོ་ཞིག་གི་མེ་ལྕེ་དགུང་ལ་འཕྱུར་བ་ནང་བཞིན། ཁོང་ཁྲོའི་གཞན་དབང་དུ་སོང་སྟེ། ཞལ་མདོག་དམར་ནག་ཏུ་གྱུར་པ་མ་ཟད། ལྟ་ན་མི་བཟོད་པའི་རྣམ་འགྱུར་དང་གཤིས་སྤྱོད་རྩུབ་པོ། བློ་སྣ་ཐུང་བའི་རང་མཚང་ལྷུང་ལ་བུད་པ་སྟེ། སློབ་སྤྱི་ཁོང་གི་ངང་རྒྱུད་ཐུང་བའི་མཚོན་ཚུལ་ཞིག་མ་ཡིན་ནམ།