-གྲོལ་ཧེ་རུ་ཀཿ
གཅིག ད་ལྟའི་རྒྱ་ནག་གི་ཁྱོན་ཡངས་ཀྱི་གནས་སྟངས། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་ཤུགས་ཚད། བོད་པ་རང་གི་ནུས་ཚད་བཅས་ལ་བལྟས་ན། དབུ་མ་དང་རང་བཙན་གང་གིས་ཀྱིས་ཀྱང་བོད་དོན་བདེན་མཐའ་སེལ་ཐུབ་པའི་རེ་བ་ནི་བརྒྱ་ཆའི་བཅོ་ལྔ་ཉི་ཤུ་ཙམ་རེད། རང་བཙན་བཅོ་ལྔ་དང་དབུ་མ་ཉི་ཤུ་ཙམ་རེད། ང་ཚོས་ཕར་བལྟས་ཚོད་ལ་རང་བཙན་ཧ་ཅང་ཁག་པོ་དང་དབུ་མ་ཅུང་ལས་སླ་བོར་མཐོང་སྲིད་མོད། དེ་ནི་རང་བཙན་བློ་གཏོང་བྱས་ཡོད་སྙམས་པའི་བོད་པ་རང་གི་བསམ་ཤེས་ཀྱིས་ལྟ་སྟངས་ཤིག་རེད་མ་གཏོགས། རྒྱ་གཞུང་གིས་དེ་ལ་ཁྱད་པར་ཆེན་པོ་བཀར་མི་སྲིད། རྒྱ་གཞུང་གིས་རང་ཉིད་ཨུ་ཐུག་ཐབས་ཟད་བྱུང་ན་མ་གཏོགས་དབུ་རང་གཉིས་གང་ཡང་སྤྲད་འདོད་མེད་པ་གསལ་བོ་རེད། འོན་ཀྱང་དབུ་མ་རྩོད་མཁན་རྣམས་ཀྱིས་དབུ་ལམ་གྱིས་བོད་དོན་བདེན་མཐའ་སེལ་ཐུབ་པར་ཡིད་ཆེས་བྱེད་གི་ཡོད་རེད། ཡིད་ཆེས་དེའི་ངང་ནས་ལོ་ངོ་ལྔ་བཅུ་མ་ཟིན་ཙམ་ཡང་འགྲོ་ཚར་རེད། ཆབ་སྲིད་འཐབ་རྩོད་ཅིག་ལ་མཚོན་ན། རེ་བ་ལ་མཐའ་མེད་ན་ཆོག་ཀྱང་དུས་ཚོད་ལ་ངེས་པར་དུ་མཐའ་ཡོད་དགོས་རེད། དེ་བས་བདག་གིས་དོན་ངོ་མར་དབུ་ལམ་གྱིས་བོད་དོན་བདེན་མཐའ་སེལ་ཐུབ་བམ་མི་ཐུབ་གསལ་བོར་བྱེད་པའི་གྲོས་འཆར་ཞིག་བཏོན་ནས་བོད་པའི་མཐོ་རིམ་མི་སྣ་གཙོས་བོད་འབངས་ཡོངས་ལ་སྤྱན་བསྟར་དུ་འབུལ་བསམ་པ་ཡིན་ནོ།།