གྲོང་ཁྱེར་ནང་གི་བོད་པའི་བུ་མོ་མེ་ཏོག་མ་ཚོའི་མེ་ཏོག་གསང་བའི་ཕམ་ཚོང་དུ་འགྱུར་བཞིན་འདུག
མགར་རྡོར། 1 དེང་གི་ངའི་སྡོད་གནས་ནི་བལ་ཡུལ་རྒྱལ་ས། ཀཱ་ཐི་མན་ཀྲོས་ཅེས་པའི་མི་ཚོགས་རབ་ཏུ་མང་བའི་གྲོང་ཁྱེར་ཆེན་པོ་ཞིག་ཡིན། དེ་བས་གྲོང་ཁྱེར་འདི་གཞི་ལ་བཞག་ནས་རྩོམ་ཡིག་འདི་འབྲི་རྒྱུ་ཡིན། ཕྱི་སྡོད་བོད་མི་དག་ཁ་འཐོར་དུ་གནས་པའི་གྲོང་དང་གྲོང་ཁྱེར་གཞན་དག་ལའང་རིགས་བསྒྲེ་རིགས་སོ།། 2 རྒྱལ་སའི་གྲོང་ཁྱེར་འདི་གཙོར་བྱས་ཡུལ་འདིར་བོད་མི་ཁྲི་གཉིས་མ་ཟིན་ཙམ་གནས་སྡོད་བྱེད་བཞིན་ཡོད། གནས་འདིའི་ཡུལ་མི་རྣམས་རིགས་གཉིས་སུ་དབྱེ་བར་རིགས། ཧི་མ་ལ་ཡའི་བྷོས་ཊས་རིགས་དང་བྷོན་ཆ་ཏི་རས་ཀྱི་རིགས་སོ།། དང་པོ་ནི་ཡུལ་འདིའི་གྲངས་ཉུང་མི་རིགས་ཡིན་ལ་ཕྱི་མ་ནི་མི་རིགས་ཆེན་པོར་བརྩི། ཧི་མ་ལ་ཡའི་བྷོས་ཊས་མི་རྣམས་ཀྱི་རྩ་བའི་རིགས་དེ་བོད་རིགས་ཡིན་པ་གསལ་བོ་རེད། བྷོས་ཊས་ནི་བོད་ཅེས་པའི་དོན་ཡིན་པ་ཁོང་ཅག་གིས་ཀྱང་འདོད། བྷོས་ཊས་རྣམས་ཀྱི་གདོང་གི་དབྱིབས་དང་ཁའི་སྐད་ཆ། དད་མོས་བྱེད་སའི་ཆོས་ལུགས་དང་ཡུལ་སྲོལ་གོམས་གཤིས་སོགས་སྟོད་བོད་དང་དབྱེ་བ་མེད།…