དྲང་གཏམ་ཚངས་ཐིག་མ།
རིགས་ཞེན། ཆོལ་གསུམ་སྤྱི་ཡིས་འདོད་པ་ནི་བོད་ལ་རང་བཙན་ཐོབ་ན་སྙམ་པ་དེ་ཡིན་མོད། དེ་ནི་སྤྱི་ལོ་1978ལོ་ནས་ཏིན་ཞའོ་ཕིན་གྱིས་བཀག་ཟིན་པ་རེད། སྟོབས་དང་དབང་ཚད་གང་གི་ཆ་ནས་ཀྱང་ཏིན་ཞའོ་ཕིན་གྱི་ཆ་རྐྱེན་དེ་ལ་རྒོལ་ལན་སྤྲོད་པའི་ནུས་པ་ང་ཚོ་ལ་མ་མཆིས་པས། ང་ཚོས་༸གོང་ས་མཆོག་གི་དགོངས་གཞི་ལས་འཕྲོས་ཤིང་མི་མང་གིས་མང་མོས་འདམས་ཁ་བྱུང་བའི་དབུ་མའི་ལམ་ཐོག་དེད་ནས་རྒྱ་ནག་དང་གྲོས་མོལ་བྱེད་དགོས་པ་ཆགས་ཀྱི་ཡོད་ལ་སྔོན་ཆད་ཀྱང་ལམ་ཐིག་འདི་ལས་གྲོལ་མོལ་བྱེད་མྱོང་བ་རེད། དོན་དག་ཆེ་ཕྲ་གང་ཞིག་ཡིན་རུང་ཕྱོགས་གཉིས་ཀྱིས་གྲོས་ཁ་བྱེད་དགོས་པ་ལས་བཙན་པོས་དབང་ཡོད་བྱས་ན་ཕྱིའི་རྣམ་པ་འགྲིག་པ་ལྟར་སྣང་ཡང། ནང་གི་དད་མོས་དང་རིགས་ཞེན་འདི་དོན་དག་གལ་ཆེན་ལ་ཕྲད་དུས་རང་ཉིད་གང་ལ་ཞེན་ཅིང་དད་པའི་ཕྱོགས་ལ་འགྲོ་བ་ལས་བཙན་གྱིས་དབང་འོག་ཏུ་བཅུག་པའི་གནས་དེ་ནས་འཁུམས་ནས་མི་འདུག་པ་ནི་འདས་པའི་མི་ལོ་དྲུག་ཅིའི་རིང་ལ་ཡང་དང་བསྐྱར་ཏུ་ཟིང་འཁྲུག་ལང་མྱོང་བ་དེ་འདྲ་རེད། བོད་མི་བཙན་བྱོལ་བའི་ཁྲོད་དུ་རང་བཙན་དགོས་ཟེར་བའི་སྐོར་གཞོན་ནུ་ཚོགས་པ་སོགས་གང་མང་ཞིག་ཡོད་ཀྱང་ཁོ་ཚོ་ལ་རང་བཙན་ལེན་ཐུབ་པའི་ཐབས་དང་ནུས་པ་གང་ཡང་མེད་པ་མངོན་སུམ་ཡིན་ཡང། སྟོང་འདང་རིང་མོ་ཞིག་ལ་འཇུས་ཏེ་ཕྱི་རྒྱལ་གྱི་རྒྱལ་ཁབ་ག་གེ་མོས་རོགས་པ་བྱས་ནས་བོད་ཀྱི་ཆེད་དུ་རྒྱ་ནག་ལ་དམག་བརྒྱབ་ཡོང་བའི་རྨི་ལམ་སྐྱིད་པོ་རྨིས་ནས་ནམ་ཡང་སད་མ་མྱོང་བ་དེ་རེད། སྲིད་བློན་ནེའུ་ཧ་རུས་༸གོང་ས་མཆོག་ལ་བོད་ཀྱི་ཆེད་དུ་ཨ་རིས་རྒྱ་ནག་ལ་དམག་རྒྱག་གི་མ་རེད་ད་ཞེས་པ་འདི་གོ་རྒྱུ་ཅན་གྱི་གཏམ་རེད། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གང་ཞིག་ཡིན་ཡང་ཁེ་བཟང་མེད་པའི་དམག་འཁྲུག་སློང་གི་མ་རེད། འོ་ན་ཕྱི་རྒྱལ་གྱི་རྒྱལ་ཁབ་དེ་དག་གིས་རོགས་མ་བྱས་ན་བཙན་བྱོལ་དུ་ཡོད་པའི་གཞོན་ནུ་ཚོགས་པ་ལྟ་བུའི་ཐབས་དང་སྟོབས་ཤུགས་གང་ཡང་མེད་པའི་མི་ཁ ཅིག་ལ་རང་བཙན་ཇི་ལྟར་རེག་གི་རེད། རང་ཉིད་འཐབ་གི་ཡིན་ཟེར་ན་སྟོབས་མེད། སློང་གི་ཡིན་ཟེར་སྔ་མོ་ཉིད་ནས་རང་བཙན་མ་གླེང་ཞེས་ལམ་ལ་དེ་སྐད་ཆ་འགྲོ་ས་མེད།…