རྫ་ཆུ་ཁ་བ་ཚེ་རིང་བཀྲ་ཤིས།
ངས་ཁར་རྩང་བདུན་རེའི་གུང་གསེང་གི་ཉིན་ཆེད་དུ་ཡིད་བྱུང་བའི་གྲྭ་བ(angry monk )ཞེས་པའི་དགེ་འདུན་ཆོས་འཕེལ་སྐོར་གྱི་གློག་བརྙན་དེར་ཚར་གཅིག་བལྟས་པ་ཡིན། གློག་བརྙན་དེར་དགེ་ཆོས་མཆོག་འཁྲུངས་ཡུལ་དང་ཕེབས་བཞུད་གནང་བའི་ས་གནས། སྐབས་དེའི་རྒྱལ་སྤྱིའི་འགྱུར་འགྲོས་དང་གནས་སྟངས། ཁོང་གི་ཤུལ་བཞག་རི་མོ་དང་རྩོམ་ཡིག ཁོང་དང་འབྲེལ་བ་ཡོད་པའི་ལོ་ན་རྒན་པའི་མི་དང་རྗེས་རབས་པ་ཁོང་གི་སྐོར་ལ་ཞིབ་འཇུག་མྱོང་མཁན་གྱི་གཅར་འདྲི་སོགས་མང་པོ་ཞིག་བསྡུ་བསྒྲིགས་བྱས་ཡོད་ལ། དེ་ནི་དྲན་དབང་མཆོག་གི་མཛད་རྗེས་ཀྱི་སྐོར་ལ་ཕན་རླབས་ཆེན་པོ་ཡོད་པའི་བྱས་པ་ཞིག་ཡིན་ན་ཡང་། ཕྱོགས་གཞན་ཞིག་ནས་བསམ་ན་ང་ཚོའི་དངོས་སུ་མཇལ་དུ་ཡོད་པའི་ཁོང་གི་གསུང་རྩོམ་གལ་ཆེན་གསེར་ཐང་དང་ཀླུ་སྒྲུབ་དགོངས་རྒྱན། རི་མོ་གྲགས་ཅན་མི་ལ་རས་པ་ལྟ་བུའི་སྐོར་དང་། རྒྱ་དབྱིན་སོགས་སུ་ཕན་ཚུན་བསྒྱུར་བའི་སྤྱོད་འཇུག་དང་ཆོས་ཀྱི་ཚིགས་སུ་བཅད་པ་སོགས་ཀྱི་སྐོར་ལ་གླེང་སློང་འདང་ངེས་གནང་མི་འདུག་སྙམ་པ་དང་། དེ་ལས་གལ་ཆེ་བ་ཞིག་ལ་ཁོང་གིས་ཐུགས་སྣང་ཆེན་པོ་གནང་ནས་ཕེབས་སའི་ལྷོ་མཐའི་ནང་བའི་རྒྱལ་ཁབ་ཤྲི་ལངྐ་དང་འབྲེལ་བའི་སྐོར་ལ་དམིགས་བསལ་གླེང་བརྗོད་དང་ཉམས་ཞིབ་བྱུང་མེད་པ་འདིས་ང་ཚོས་དགེ་འདུན་ཆོས་འཕེལ་དང་འབྲེལ་བའི་རྒྱུ་ཆ་གལ་ཆེན་ཞིག་ལྷག་ནས་ཡོད་པ་ཚོར། བསམ་ཚུལ་འདི་དགེ་འདུན་ཆོས་འཕེལ་གྱི་རབས་བྱེད་ཞབས་བཏགས་མ་དང་། དྲང་བདེན་གྱིས་བསླུས་པའི་སློང་མོ་བ་གཉིས་མཇལ་བའི་སྐབས་སུའང་སྐྱེས་མྱོང་། མ་གཞི་དགེ་འདུན་ཆོས་འཕེལ་གྱིས་ཤྲི་ལངྐའི་སྐོར་ལ་སྐུ་དངོས་ཕེབས་ཀྱིས་མཁྱེན་རྟོགས་དང་ཞིབ་འཇུག་ཡུན་རིང་གནང་སྟེ་རྩོམ་ཡིག་འབྲི་གནང་མཛད་པ་སོགས་ཡོངས་གྲགས་ཡིན་ན་ཡང་། ང་ལ་དེའི་སྐོར་དམིགས་བསལ་སྲེད་ཞིན་ཞིག་ཡོད་པའི་འབྱུང་ཁུངས་ནི་གཤམ་གྱི་དོ་སྣང་འོས་པའི་གཏམ་རྒྱུད་འདི་ཡིན།
དེ་ལས་མང་བ་། “སིངྒ་ལའི་མཚོ་འགྲམ་ཞིག་ཏུ་དགེ་འདུན་ཆོས་འཕེལ་གྱི་སྐུ་བརྙན་སེར་ཟིང་ངེ་བ་ཞིག་ཡོད།” »