བདེ་ལེགས་འཚོལ་གྱིས།
———————
༧ གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་༢༧ ཉིན་མ་ཡོ་སྨན་ཁང་(Mayo Clinic) དུ་མི་ནི་སོ་ཊིའི་བོད་མི་ཚོར་ཞལ་མཇལ་བཀའ་སློབ་གནང་འཆར་ཡོད་ལུགས་གོ་ཐོས་བྱུང་ཞིང་། ན་ནིང་ཕྱི་ཟླ་ ༧ པར་བྱང་ཨ་རིར་ ༧ གོང་ས་མཆོག་ལ་བརྟན་བཞུགས་ཕུལ་བའི་རྗེས་དང་ལྷག་པར་དུ་ཁོང་གི་སྐུའི་མཁྲིས་རྡོའི་གཤག་བཅོས་རྗེས་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་མ་རེག་པའི་སྟབས་བྱས། མགོན་པོ་གང་གི་ཞལ་མཇལ་གསུང་ཐོས་ཐོབ་རེ་དང་དམིགས་བསལ་གྱིས་ཁོང་གི་སྐུ་ལུས་དང་ཞལ་མདངས་འཕྲོད་བསྟེན་ཇི་འདྲ་ཡོད་མེད་བལྟ་རྒྱུའི་འདུན་པ་རབ་ཏུ་འཕེལ་ཏེ། དེ་ཉིན་ལས་ཀ་ནས་དགོངས་པ་ཞུས་ཏེ་ཞོགས་ཀ་སྔ་ཙམ་ལངས་ཤིང་ཇ་འཐུང་ལོང་ཡང་མེད་པར་ཆུ་ཚོད་བཞི་ཙམ་གྱི་ལམ་ཐག་རིང་པོར་མོ་ཊ་མགྱོགས་བསྐོར་བྱས།
ང་དང་གྲོགས་པོ་གཉིས་མ་ཡོ་སྨན་ཁང་ཡོད་སར་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཙམ་ལ་འབྱོར་ཞིང་། བོད་མི་རེ་ཟུང་མིག་ལམ་དུ་མངོན་པར་གྱུར། ༧ གོང་ས་མཆོག་གིས་སྨན་ཁང་གི་ལྷ་ཁང་དུ་ཉིན་གུང་ཆུ་ཚོད་ ༡ ལ་བཀའ་སློབ་མཇལ་ཁ་གནང་འཆར་ཡོད་པ་ལྟར། སྨན་ཁང་འཁྲིས་ཀྱི་མོ་ཊ་བཀག་ས་ཞིག་ཏུ་བོད་ལུགས་ཕྱུ་པ་མགྱོགས་གོན་བྱས་ཏེ། མདུན་གྲལ་ཡག་པོ་ཞིག་རེག་ཆེད་གང་མགྱོགས་སྨན་ཁང་གི་ལྷ་ཁང་ནང་འགྲོ་ཐུབ་བྱས་མོད། བོད་མི་བརྒྱ་ཕྲག་ལྷག་སྔ་བོ་ནས་སླེབས་ཏེ་མདུན་གྱི་སྡོད་གྲལ་ཐམས་ཅད་བཟུང་ཚར་འདུགང་དང་གྲོགས་པོ་གཉིས་འདོད་པ་མི་ཁེངས་བཞིན་དུ་རྒྱབ་གྲལ་ནས་འདུག་སྟེགས་ཤིག་རེག་སོང་བ་དེར་བསྡད། རིམ་བཞིན་མི་མང་རུ་སོང་སྟེ་ལྷ་ཁང་ནང་སྐད་སྒྲ་དང་ཕྲུ་གུའི་ངག་སྐད་འདྲེས་མས་ཁེངས།