དེང་རབས་ཀྱི་དོགས་དཔྱོད་དགག་སྒྲུབ་པ་ཚོར་གླེང་བའི་སྐད་ཆ་ཚིག་འགའ།
འགར་ཚེ་རྒྱལ།
—————-
༡ གླེང་གཞིའི་ཀུན་སློང་།
སྤྱིར་ན་ཤེས་བྱའི་རྣམ་གྲངས་མཐའ་ཡས་པ་དེའི་ཕྱིར་ང་རང་ཉིད་ལ་མཚོན་ན་མང་པོ་ཞིག་ཤེས་ཡོད་བསམ་པའི་ཀུན་སློང་དང་འདོད་བློ་ནམ་ཡང་ཚིམ་མྱོང་མེད་ལ། རང་རྒྱུས་རང་གིས་ལོན་པའི་གསང་བ་ཁོག་ལ་ཉར་ནས་མི་ཤེས་ཤེས་ཁུལ་གྱིས་སྐད་ཆ་ཆེན་པོ་དང་རྫིག་པོའི་འུད་ཤོབ་རྒྱག་རྒྱུར་དེ་བས་དགའ་བོ་མེད། མ་ཟད་མི་སེམས་དཔྱད་སྟོབས་ཀྱིས་གཞོལ་ཞིང་ཡོད་ཚད་བློ་ངོར་སྣང་བའི་བསམ་བློ་པ་ཞིག་ཡིན་ཟེར་བའི་སྟོང་བསམ་ཡང་ནམ་ཡང་སྐྱེས་མྱོང་མེད། འུ་ཚོའི་མི་རབས་འདིར་འགའ་རེ་ནས་(རོ་ཚད་ལ་མི་བལྟ་རོ་མདུང་)ཞེས་པའི་དཔེ་ལྟར་གཏིང་ཟབ་ས་དང་རྒྱ་ཆེ་ས་ཞིག་ལ་འཇུས་ནས་ཁོ་རང་ལས་བསམ་བློ་བ་དང་། རིག་གནས་པ། གསར་གཏོད་པ། དཔྱོད་ཤེས་པ་ཞིག་མེད་པའི་འུར་འདྲོགས་ལངས་ཀྱིན་ཡོད་པ་དེ་ཚོ་ཇི་འདྲའི་གླེན་པ་རྐྱང་རེད་སེམས། དེ་ནི་གནའ་བོའི་དུས་རབས་ཀྱི་ལོ་པཎ་མཁས་གྲུབ་ཚོས་རིག་གཞུང་སྦྱངས་གཉེར་རྩོལ་བསྒྲུབ་ཀྱི་དཀའ་སྤྱོད་སྡུག་རུས་བྱེད་ཕྱོགས་དང་བསྡུར་ན། ད་ལྟའི་དུས་རབས་དང་སྤྱི་ཚོགས་འཕེལ་ཤུགས་ཆེ་བའི་འཚོ་བའི་གནས་སྟངས་འོག་འུ་ཚོས་གང་ལ སློབ་གཉེར་དང་སྦྱངས་བརྩོན་བགྱིས་པའི་དུས་ཡུན་ཐུང་ཐུང་འདིའི་ནང་། དགའ་དགའ་སྐྱིད་ཚོར་ངང་རིག་གནས་རྩོལ་གཉེར་བྱེད་ཕྱོགས་དེ་ཙམ་གྱིས་འུ་ཚོའི་མི་རབས་འདིར་སྤྱིའི་ཆ་ནས་ཤེས་ཡོན་གྱི་རྨང་གཞི་དང་རྐང་ཚུགས་མེད་ཅེས་ཐག་བཅད་ནས་བཤད་ཆོག
ང་རང་ལ་མཚོན་ནའང་དེ་དང་གཅིག་མཚུངས་ཡིན། འོན་ཀྱང་གནའ་ནས་ད་ལྟའི་བར་འུ་ཅག་ལ་དབང་བའི་ས་མཐོའི་ཁོར་ཡུག་དེ་དང་དེའི་སྒང་གི་འུ་ཚོའི་ཤ་ཁྲག་རུས་གསུམ་གྱི་གཏིང་རིམ་དང་འདྲེས་པའི་རིག་གནས་ཀྱི་ཟ་ཟུར་ལ་འཇུས་ནས་འཚར་ལོངས་བྱུང་བའི་བརྒྱུད་རིམ་ཁྲོད། སྐབས་སྐབས་ལ་རང་ཉིད་ཀྱི་ཀུན་སློང་དང་འབྲེལ་ལྟ་ཚུལ་འགའ་རེ་སེམས་ངོར་འཆར་མོད། ཅི་ཞིག་གི་རྐྱེན་པས་འུ་ཚོའི་གནས་མལ་དང་ཁོར་ཡུག་གི་བར་ཐག་དབང་གིས་གཞན་ལ་བཤད་སའི་གོ་སྐབས་མ་རེག་པའམ་བཤད་བློ་མ་བདེ་བར་ཡུན་རིང་ལུས་མཐར། ད་ལྟ་འུ་ཅག་ཐུན་མོང་ལ་དབང་བའི་དྲོད་སོབ་སོབ་ཀྱི་ཁྱིམ་གཞི་ལྟ་བུའི་ཟིན་བྲིས་འདི་དག་གི་དྲིན་གྱིས་ང་ཚོ་གཅིག་སེམས་གཅིག་ཏུ་འཛོམས་ཐུབ་བྱུང་བ་འདི་ཧ་ཅང་གི་དགའ་འོས་པ་ཞིག་རེད། འོན་ཀྱང་ང་རང་ངོས་ནས་གནས་འདི་དག་ཏུ་རིགས་མཐུན་གྱི་སྤུན་ཟླ་ཚོར་ལྟ་ཉན་སྤྲོ་འཕེལ་གྱི་ལེགས་སྐྱེས་ཡག་པོ་ཞིག་ཕུལ་རྒྱུ་མེད་པ་ངས་ཁས་ལེན་བྱས་ཆོག
ཡིན་ནའང་རང་ཉིད་ལ་བདོག་པའི་ཀུན་གཤིས་དེ་དང་དེས་བསྐྱེད་པའི་རང་གི་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ལྷད་མེད་ཀྱིས། རང་གིས་ཅི་བསམ་གྱི་ལྟ་ཚུལ་རེ་སྤུན་ཟླ་ཚོར་དམའ་འབེབས་ཕོག་ཐུག་གཏོང་བ་དང་ཟུར་ཟ་འཕྱ་སྨོད་ཀྱི་ངན་སེམས་ཀུན་སློང་ཅི་ཡང་མེད་པར་ཁ་གསལ་གཏིང་གསལ་དུ་བཤད་འདོད་པ་དེ་ཡིན་སྟབས།
ད་རེས་འུ་ཅག་དབང་བའི་གླེང་སྟེགས་འདི་བརྒྱུད་ཕྲན་གྱིས་བཤད་འདོད་པ་ནི་ཟིན་བྲིས་དྲ་ངོས་ཁག་ལ་བློ་སེམས་ཕྱོགས་ཤིང་ངག་སྒོ་ཕྱེས་པའི་མཐོ་སྒང་བ་འུ་ཚོའི་གཞོན་སྐྱེས་ཤེས་ཡོན་པ་ཟེར་ནའང་འདྲ། གང་ལྟར་ད་ལྟའི་མགོ་ཐོག་གི་དུས་རབས་འདིར་གསར་གཏོད་ཀྱི་གླེང་སློང་བའི་སྨྱུག་འཛིན་པ་ཚོའི་ཀུན་གཤིས་བསམ་བློ་དང་སྤྱི་ཚོགས་འགན་བབ་ཀྱི་ངོས་ནས་སྐད་ཆ་ཚིག་འགའ་ཁ་ཞེ་གཉིས་མེད་ཀྱི་སྙིང་གཏམ་ཞིག་གི་ཚུལ་དུ་གླེང་རྒྱུ།
དེ་ལས་མང་བ་། “དེང་རབས་ཀྱི་དོགས་དཔྱོད་དགག་སྒྲུབ་པ་ཚོར་གླེང་བའི་སྐད་ཆ་ཚིག་འགའ།” »