ཨ་རིག་དམ་ཆོས་བསམ་འཕེལ་གྱིས།
ངོ་སྤྲོད། སྤྱིར་སྐད་ཡིག་ཅེས་པ་ནི་མི་རིགས་གི་བླ་སྲོག་ཡིན་ལ། མི་རིགས་དེའི་རིག་གཞུང་དང་གོམས་གཤིས། ཆོས་དང་ཆབ་སྲིད་སོགས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འཛིན་སྐྱོང་གི་ལག་ཆ་གཙོ་བོ་ཡང་ཡིན། དེས་ན་ད་ལྟའི་བོད་གངས་ཅན་གྱི་ཛ་དྲག་གི་གནས་སྟངས་དང་ཆག་འཇིག་གི་རླུང་འཚུབ་འོག་ང་ཚོས་འཇོན་ཐང་དང་ནུས་པ་གང་ཡོད་ཀྱིས་རིག་པ་བསྒྲིམས་ཏེ་བོད་མི་རིགས་འདིའི་ལས་དོན་ཆེད་མི་རེ་རེའི་ངོས་ནས་གཞི་རྒྱ་ཆེ་ཆུང་ལ་མ་བལྟོས་པར་ལས་འགུལ་གང་ཐུབ་སྤེལ་རྒྱུ་ནི་ང་ཚོའི་མི་རབས་འདིའི་ཕྲག་པར་བབས་པའི་ལས་འགན་ཞིག་ཡིན་པ་སྨོས་ཅི་དགོས།
དམིགས་ཡུལ། རྒྱ་དམར་བཙན་རྒྱལ་རིང་ལུགས་ཀྱིས་དམིགས་ཡུལ་ལྡན་པའི་སྒོ་ནས་ཐབས་བརྒྱ་ཇུས་སྟོང་གིས་བོད་ཀྱི་སྐད་ཡིག་རྩ་མེད་དུ་བཏང་དང་གཏོང་བཞིན་པ་དང་བསྟུན། གོ་ལ་ཟླུམ་པོ་འདིའི་ཡུལ་ཕྱོགས་གང་སར་གནས་པའི་བཙན་བྱོལ་བོད་མི་དག་ལ་ཡང་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་སའི་ཁོར་ཡུག་ཆུང་བ་བཅས་ཀྱིས་བོད་མི་རིགས་ཀྱི་སྐད་ཡིག་འདི་བཙོན་པ་ལྟ་བུ་ཆགས་ཡོད། འོན་ཀྱང༌། ང་ཚོས་སྡུག་སྐད་ཤོར་བ་དང་འཁང་ར་བྱས་པ་ཙམ་མ་ཡིན་པར་བོད་པ་རང་ཉིད་ཀྱིས་ངོས་ནས་མ་བསྐུལ་དང་བླང་ཐོག་སེམས་ཐག་གཙང་བཅད་དང་ལྷག་བསམ་རྣམ་དག་གིས་རང་གིས་རང་ལ་དམ་བཅའ་བཞག་སྟེ་ཡུལ་གྲུ་གང་དུ་སླེབས་ཀྱང་བོད་ཀྱི་སྤྱི་ཚོགས་ཁྲོད་བོད་སྐད་གཙང་མ་བཤད་སའི་ཁོར་ཡུག་གསར་པ་ཞིག་བསྐྲུན་ཐབས་ལ་འབད་བརྩོན་བྱེད་རྒྱུ་དེ་དམིགས་ཡུལ་གཙོ་བོ་ཡིན།
ལས་འགུལ། ༡༽རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་མི་རིགས་ལ་བཅིངས་བའི་བརྩེ་སེམས་དང་ཤ་ཞེན། སེམས་ཤུགས་སོགས་ཀྱིས་བོད་ཀྱི་རྩ་དོན་ཆེད་དམིགས་ཏེ་བོད་རིགས་གྲོགས་པོ་དང༌། ནང་མི། བོད་མི་སུ་འདྲ་ཞིག་དང་འཕྲད་སྐབས་རང་ངོས་ནས་བོད་སྐད་གཙང་མ་ཞིག་བཤད་རྒྱུ།
དེ་ལས་མང་བ་། “བོད་ལ་ཤ་ཞེན་ཡོད་ན། བོད་སྐད་གཙང་མ་བསྐྱོན་རོགས།” »