གཡུ་དྲུག་དཀར།
ཉིན་ཤས་སྔོན་ལ་ལས་དོན་ཞིག་གི་རྐྱེན་པས་ཉིན་གཅིག་གི་དགོངས་ཤོག་བླངས་ཏེ་རྡ་སར་ཕྱིན་པ་ཡིན། ཉིན་དེར་རྡ་སའི་ཁྲོམ་ན་དུས་རྒྱུན་དང་མི་འདྲ་བའི་མི་ཚོགས་་གཞན་ཞིག་མཐོང་རྒྱུ་ཡོད་པ་ནི་སྒྲིག་ཆས་གྱོན་པའི་སློབ་ཕྲུག་ཁྱུ་རེ་འདུག་ཚོད་མེད་པར་གང་སར་རྒྱུགས་བཞིན་པ་དེ་རེད་ལ། ཆར་དུས་ཀྱི་རྡ་སའི་ནམ་ཟླའང་སྐྱོ་སྡུག་གི་ཁུར་བོ་ལྕི་མོ་ཞིག་དང་འདྲ་བར་ཕྱོགས་བཅུའི་མགྲོན་པོ་ཡོངས་ལ་ཉོབ་སྣང་དང་དཀའ་ཚགས་ཆེན་པོ་བཟོ་ངེས་ཚོད་དུ་སྣང་ཡང་། རྡ་སའི་རི་ཁུག་གི་ཟ་ཁང་ཆུང་ཆུང་ཞིག་གི་སྦུག་ནས་ངས་རེ་བ་ཆེན་པོས་འཕོང་ཞིང་ཐེ་ཚོམ་དང་དོགས་པའི་རྒྱ་རུ་ཚུད་པའི་ངོ་གདོང་གཞན་ཞིག་མཐོང་པ་དང་། ཞེད་སྣང་དང་འཇིགས་སྐྲག་གི་ཁུར་བོ་ལྕི་མོ་ཞིག་ཁུར་ནས་ཕྱིར་ལོག་དགོས་བྱུང་།
དེ་ཡང་དོན་དག་འབྱུང་རྩ་སློབ་ཕྲུག་དང་ཁོང་ཚོའི་ཕ་མ། དགེ་རྒན་བཅས་ཀྱི་སྟེང་ནས་བྱུང་བ་རེད། ཉིན་དེའི་ཉིན་གུང་ཡོལ་ཙམ་ལ་གྲོགས་པོ་ཞིག་གི་བཀོད་སྒྲིག་བཞིན་ངེད་གཉིས་ཨ་མདོའི་གྲོང་གསེབ་ཀྱི་ཟ་ཁང་ཞིག་ཏུ་འཛུལ་བ་ཡིན། ཟ་ཁང་ནང་དུ་སླེབས་མ་ཐག་ངས་སྔོན་ཆད་འདིར་ཡོང་མྱོང་འདུག་ཨང་སྙམ་ཡང་། སྦྱིན་བདག་དང་ཁོང་གི་ཕྱག་རོགས་པ་སུ་ཡང་ངོ་ཤེས་ཀྱི་མི་འདུག འོན་ཀྱང་། ངའི་གྲོགས་པོ་དང་ཟ་ཁང་གི་སྦྱིན་བདག་གཉིས་ཕན་ཚུན་རྒྱུས་ཡོད་རེད་འདུག ཁོང་གཉིས་ཀྱིས་ཕན་ཚུན་ལ་འཚམས་འདྲི་རེ་བྱས་མ་ཐག ཕར་ལྟོས་ཚོད་ལ་གུང་གསེང་ལ་སླེབས་པའི་སློབ་ཕྲུག་གཉིས་ལོས་ཡིན་བསམ་པའི་བུ་གུ་ཆུང་ཆུང་གཉིས་ཀྱང་སྦྱིན་བདག་གི་གམ་དུ་ཡོང་ནས་བསྡད་པ་དང་། སྦྱིན་བདག་གིས་ འདི་ངའི་ཞི་ལི་མཁར་བྱམས་ཚེ་རིང་དང་འདི་ངའི་ཞི་མོ་གཡང་འཚོ་རེད། ཁོང་གཉིས་ད་ལྟ་རྡ་སྟེང་སློབ་གྲྭར་འགྲོ་གི་ཡོད། ཅེས་ངའི་གྲོགས་པོར་ངོ་སྤྲོད་བྱས་སོང་ལ། ཁོས་མགོ་ནང་ལ་གཡུག་བཞིན་ངའི་གདོང་ལ་ཅེར་ནས་ འདི་ངའི་ཕ་ཡུལ་གཅིག་པའི་ཞི་ལི་དེ་རེད། ཁོ་ད་ལྟ་གསོག་སྒར་སློབ་གྲྭའི་དགེ་རྒན་རེད། ཅེས་ཕར་འགྲེལ་བཤད་བརྒྱབས་བྱུང་པས། ངས་ཀྱང་གདོང་ལ་འཛུམ་ཞིག་མི་སྟོན་ཐབས་ག་མེད་བྱུང་། སྐབས་དེར་ཟ་ཁང་གི་སྦྱིན་བདག་གམ་སློབ་ཕྲུག་གཉིས་ཀྱི་ཨ་ཕས་ཐ་མག་རྐང་གཅིག་ལ་མེ་སྒོ་ཞོར་གློ་བུར་དུ་ཅི་ཞིག་དྲན་པ་ལྟར་་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་ཡིག་དགེ་རྒན་འདི་ཚོས་ཅི་གང་ཤེས་ཀྱི་མི་འདུག འདི་ཚོ་ངོ་མ་སྐྱོ་བོ་རེད། ཁོང་ཚོར་ཤེས་བྱ་ཡོན་ཏན་མེད་ན། བུ་གུ་ལ་ཅི་ཞིག་སློབ་ཀྱི་ཡོད་ན། བུ་གུ་འཛིན་གྲྭ་དྲུག་དང་བདུན་པ་སླེབས་ནའང་། བོད་ཡིག་སྦྱོར་ྐློག་རྒྱག་ཤེས་ཀྱི་མི་འདུག ངོ་མ་འདི་ཚོ་སྐྲག་ས་རེད། ད་དུང་མི་དགོས་རྒྱུ། བུ་གུ་ཚོར་སྤོ་ལོ་རྩེད་སྟངས་སློབ་ཀྱི་འདུག དེ་མ་བསླབ་དགོས་པ་ཞིག་མ་རེད། བུ་གུ་ཚོ་སྤོ་ལོ་ལ་དགའ་བོ་ཡོད་ཙང་། རང་བཞིན་གྱིས་ཤེས་འགྲོ་གི་རེད། ང་ཚོའི་ཕ་ཡུལ་གྱི་དགེ་རྒན་དེ་ཚོ་འདི་འདྲ་ག་བ་ཡིན་གི་རེད། ཅེས་བརྗོད་བྱུང་པས། ང་ངོ་གནོང་བ་ལྟ་བུ་ཞིག་བྱུང་ལ། ངའི་གྲོགས་པོས་ཀྱང་ང་ལ་བསམ་ཤེས་ཀྱི་ཚུལ་གྱིས་དགེ་རྒན་ཚང་མ་དེ་འདྲ་ཡིན་རྒྱུ་མ་རེད་ཅེས་བརྗོད་མ་ཐག་ སྦྱིན་བདག་གིས་ད་དུང་ཅི་ཞིག་བཤད་རྩིས་འདུག་མོད། མགྲོན་པོ་ཞིག་གིས་དངུལ་རྩིས་ལེན་རོགས་ཞུས་པས་ཁོང་འགྲོ་དགོས་ཐུག་སོང་།
དེ་ལས་མང་བ་། “ནམ་ཉི་མ་ཞིག་ལ་ཕ་མ་དང་དགེ་རྒན་གཉིས་འཛིང་རེ་ཤོར་ཚོད་འདུག” »