Lhaomodhondup Yutsang
མགོ་ནག་མི་ལ་ཁྱད་མཚར་གྱི་དགེ་མཚན་ཞིག་ལྡན་པ་ནི་རང་གི་མདུན་དུ་ལྷག་པའི་གནད་དོན་ལ་བསམ་ཤེས་པའི་རྣམ་རིག་གི་ས་བོན་ཞིག་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོའི་གཤིན་ས་འདིར་བཏབ་ཡོད་པར་འཁུམས་ལ། མི་ཞིག་ཏུ་སྐྱེས་པའི་འོས་འགན་ལྕི་ཤོས་ཀྱང་རྙོག་འཛིང་ཆེ་བའི་རང་བྱུང་ཁམས་དང་སྤྱི་ཚོགས་ཀྱི་ཁོངས་སྣེ་གང་མང་བརྒྱུད་ནས་རང་གི་རྣམ་ཤེས་ཀྱི་རྣོ་དབལ་དར་ཞིང་རྒྱས་པར་བྱས་ཏེ། རང་གི་ཚེ་སྲོག་ལ་ནམ་ཡང་ནུབ་མི་སྲིད་པའི་འོད་མདངས་ཤིག་བསྐྲུན་རྒྱུ་འདི་རེད། དེས་རྐྱེན་པས་མིའི་རིགས་འཕེལ་ནས་ད་བར་མི་བུ་རེ་རེས་རང་གི་རྐང་རྗེས་ས་ལ་བསླན་ཕྱིར་སྡུག་ས་ན་ཡོད་པ་ཐམས་ཅད་ཕྲག་ཏུ་བླངས་ནས་ཕྱིར་རང་བྱུང་ཁམས་དང་སྤྱི་ཚོགས་འཚོ་བར་འཐབ་འཛིང་བྱེད་པའི་དམག་ཐབས་སྣ་ཚོགས་བཏོན་ནས། ལྟ་བ་དང་གྲུབ་མཐའ་ཅི་རིགས་ཀྱི་ཟུང་ཁྲག་ལ་བརྟེན་ནས་འཁོར་བསྐྱོད་བགྱི་བའི་ང་ཚོའི་མིག་ལམ་གྱི་བདེ་ཞིང་སྐྱིད་པའི་དག་ཞིང་འདི་གྲུབ་པ་རེད།
དེ་བས། ང་ཚོས་ཀྱང་རང་ཉེན་ཁ་ལས་སྐྱོབས་ཆེད་ཆོས་ཉིད་ཀྱི་ལམ་ཐིགས་འདི་བསྙེག་དགོས་པ་བསྙོན་མེད་རེད་ལ། དེ་ནི་ང་ཚོས་རང་གི་རྣམ་རིག་ལ་རྒྱ་ཆེ་ཞིང་གཏིང་ཚུགས་པའི་རྒྱུད་ལམ་ཞིག་བཟོ་དགོས་པ་སྟེ། དུས་ལ་རན་པའི་ལག་ལེན་སློབ་གསོའི་རིམ་པ་ཡང་དག་སྒོས་གཅིག་བརྩེགས་གཉིས་བརྩེགས་བྱ་རྒྱུ་འབའ་ཞིག་རེད། དེའང་མཁས་པའི་ཞལ་ལས་མི་ནི་སློབ་གསོའི་ཐོན་འབྲས་ཡིན་པའི་གཏན་ཚིགས་ཀྱི་མེ་ཏོག་འཁྲུངས་འདུག་པ་བཞིན། མི་ཡག་གཙོག་དང་མཁས་བླུན། མིའི་བདེ་སྡུག་སོགས་སློབ་གསོ་རིམ་པའི་ཚད་གཞི་ཡིས་ཐག་བཅད་པ་རང་གི་གཡས་གཡོན་གྱི་མིག་གིས་མཐོང་སར་བལྟས་ཚེ་ཁྲིགས་ཁྲིགས་རེད་ལ། བཙན་བྱོལ་ཁྲོད་ཀྱི་བོད་སྐད་ཡིག་གི་སྐྱ་ཤུར་ཤུར་གྱི་ནམ་ཟླ་འདིས་ང་ཚོ་ལ་གནས་ལུགས་འདི་ནམ་ལངས་ཉི་ཤར་གྱི་ཚད་དུ་དཀྲལ་འདུག་སེམས། ང་ཚོ་ས་འདིར་བྲོས་ཡོང་དོན་ཡང་རང་གི་ངོ་གདོང་མི་འབོར་བ་དང་རང་གི་སྐད་གདངས་མི་བརླག་པར་བདག་ཉར་བྱེད་རྒྱུའི་ཆེད་རེད་དེ། དམིགས་རྣམ་འདིའི་གྲུབ་དོན་ལ་བསམ་ཚེ་ད་ལྟ་མིག་ཆུ་དབང་མེད་དུ་གདོལ་ཚོད་རེད།
དག་ཞིང་དང་དོགས་སློང་།
རང་རེའི་ཆོས་འབྱུང་དང་ལོ་རྒྱུས་ཁག་ཅིག་ཏུ་ཡོངས་སུ་གྲགས་པའི་མི་ཡུལ་གྱི་དག་ཞིང་ཁག་ཅིག་ཡོད་པ་ནི་ཤམྦྷ་ལ་དང་ཟངས་མདོག་དཔལ་གྱི་རི་བོ། པོ་ཊ་ལ་གསུམ་རེད་ལ། རྐང་མགྱོགས་གྲུབ་པའི་མི་བུ་རེ་ཟུང་དེ་རུ་སོང་བའི་ལོ་རྒྱུས་ཀྱང་ཡོད་འདུག་པས། དེར་བགྲོད་པ་ལ་རྫུ་འཕྲུལ་གྱི་ནུས་པ་གཞན་དག་མི་དགོས་པར་རྐང་བ་མགྱོགས་པོ་ཞིག་ཡོད་ན་འགྲིགས་པ་འདྲ་ཞིག་འདུག དེས་ན་གནས་དེ་དག་རྒྱ་གར་དང་བོད་ནས་ཐག་ཅུང་རིང་ས་ཞིག་ཏུ་ཡོད་པ་ལས་དེར་ནམ་ཡང་བསླེབས་རྒྱུ་མེད་པ་ཞིག་ཡིན་ཚོད་མི་འདུག ཡིན་ན་ཡང་། དེང་སྐབས་ཚན་རིག་འཕྲུལ་ཆས་ཀྱིས་ས་སྟེང་ས་འོག་གི་གསང་བ་ལྐོག་གྱུར་གྱི་བྱ་དངོས་གང་མང་ཞིག་གི་གསང་བ་རྗེན་པར་སྟོན་བཞིན་པའི་དུས་སུ། ང་ཚོའི་གནའ་སྔ་མོའི་འགྲོ་བ་མི་རྐང་མགྱོགས་ཅན་ཚོ་སླེབས་ཐུབ་ས་དེར་དེང་སྐབས་ནམ་ཡང་སླེབས་རྒྱུ་དང་རྙེད་རྒྱུ་མེད་པ་ཞིག་ཆགས་སོང་བ་རེད་དམ། ལམྦྷ་ལ་རུ་སྟོན་པས་དུས་འཁོར་གསུངས་དུས་རྒྱལ་བོ་ཟླ་བཟང་གིས་ཚངས་པར་སྐྱབས་སུ་འགྲོ་བའི་མུ་སྟེགས་པའི་སློབ་དཔོན་ཁྲི་ཕྲག་ཁ་ཤས་ཤིག་ལ་སྟོན་པའི་བཀའ་ཆོས་ལ་ཉན་རྩིས་ཡིན་ན་གནས་འདིར་སྡོད། དེ་མིན་འདི་ནས་བུད་དེ་རྒྱ་གར་དུ་རྒྱུགས་གསུངས་འདུག་པས། ཤམྦྷ་ལ་ཡང་རྒྱ་གར་བྱང་རྒྱུད་ཅིག་ཏུ་ཡོད་པ་འདྲ་ཞིག་འདུག་ལ། དེ་རུ་འགྲོ་བ་མི་དག་གིས་རྒྱ་གར་དུ་རྒྱུ་འགྲུལ་བྱེད་བཞིན་པ་ཡང་གསལ་སྟོན་བྱས་འདུག ཡིན་ན་ཡང་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པ་འཇིགས་མེད་རྒྱ་མཚོའི་རྣམ་ཐར་དུ་ཁོང་གིས་ནམ་མཁའ་རུ་ཤམྦྷ་ལའི་ཞིང་ཁམས་གཟིགས་ཏེ་ཞབས་ཞུ་བ་ཞིག་ལ་བསྟན་ཚུལ་ཡང་འདུག དེ་བཞིན་གུ་རུ་རིན་པོ་ཆེ་བོད་ནས་ཐད་ཀར་ཟངས་གླིང་གི་ཡུལ་ཏེ་དེང་སྐབས་ཀྱི་ཤྲི་ལིངྐའི་ཡུལ་དུ་འགྲོ་བ་མིའི་ཤ་ཁྲག་ལ་རྔམས་པའི་སྲིན་མོ་དག་འདུལ་བའི་ཆེད་དུ་ཕེབས་པ་ཞིག་ཡིན་ཚུལ་ཡོངས་གྲགས་ཡིན་པས། ད་ལྟ་ད་དུང་སྲིན་མོ་དེ་དག་གི་བུ་རབས་ཚ་རྒྱུད་རེ་ཡོད་དམ་མེད།…