ཀ་དག་སེམས་ཀྱི་ངོ་བོ་འོད་གསལ་དེ། །
ཁ་བཤད་ཙམ་གྱི་རྣམ་དཔྱོད་ལ་བརྟེན་ན། །
ག་དུས་ཡིན་ཡང་རང་ངོ་འཁྲོད་དཀའ་བས། །
ང་ང་ཟེར་ཞིང་བདག་འཛིན་ཇི་ཆེར་འཕེལ་། །
ཅ་ཅོ་རོལ་མོ་མདངས་བསྙན་ཆོས་སྐོར་དང་། །
ཆ་ལུགས་རྒྱན་གོས་སྣ་ཚོགས་ཆོས་ལུགས་རྣམས། །
ཇ་དང་དངུལ་ལ་མི་བརྗེ་བཅོས་མིན་དོན། །
ཉ་སྐྱེས་ཟླ་བཞིན་འཔེལ་བར་སྙིང་ནས་སྨོན། །
ཏ་ཐ་གྷ་ཏའི་བསྟན་པའི་སྙིང་པོ་འདི། །
ཐ་མལ་སྐྱེ་བོའི་སྤྱོད་ཡུལ་དུ་དཀའ་ཡང་། །
ད་ལྟ་རང་ནས་དོན་གཉེར་གྱིས་གོམས་ན། །
ན་རྒ་འཆི་བའི་འཇིགས་ལས་སྐྱོབ་པར་ནུས། །
པ་ཊ་ལྟར་བཅིངས་བློ་མཐུན་དད་དམ་དང་། །
ཕ་མས་བུ་བཞིན་འགྲོ་ཀུན་ལ་གཅེས་ན། །
བ་བེའུ་ལྟར་གྱི་ཕན་སེམས་དང་སྙིང་བརྩེ། །
མ་རྒན་སེམས་ཅན་ཀུན་ལ་ལེགས་ཁྱབ་ནུས། །