གུས་པར་ལོ་འགའ་ཤས་རིང་བོད་ཀྱི་སྤྱི་ཚོགས་ནང་མི་འདང་བའི་ཆ་གང་ཡིན་པ་དེར་བརྟག་དཔྱད་བྱ་རྒྱུར་གོམས་གཤིས་ཤིག་སླེབས། སྤྱི་ཚོགས་ཕུལ་དུ་བྱུང་བ་གཞན་རྣམས་དང་བསྡུར་ན། མི་གཅིག་པ་དང་མི་འདང་བ་མང་པོ་ཡོད་མོད། ཡིན་ནའི་གཙོ་བོ་གཅིག་ནི་ངེད་ཚོའི་སྤྱི་ཚོགས་ནང་བརྟག་དཔྱད་བྱེད་པའི་གོམས་གཤིས་དེ་ཤིན་དུ་ཞན་པ་རེད། དེའི་རྒྱུ་མཚན་གཙོ་བོ་གཅིག་ནི་ལེ་ལོ་ཁོ་ན་རེད།
བརྟག་དཔྱད་བྱ་བའི་གོམས་གཤིས་དེ་ཕ་མ་ལ་ཡང་མིན་འདུག ཕྲུ་གུ་ལ་ཡང་མིན་འདུག དེ་བཞིན་སྤྱི་ཚོགས་ཁྱོན་ལ་ཡང་ཤིན་དུ་ཉུང་།
དེར་བརྟེན་གཞན་གྱི་རྗེས་བྲངས་འགྲོ་རྒྱུར་དགའ་ལ། རྣམ་རྟོག་དང་དངོས་ཡོད་གཉིས་མཉམ་དུ་སྦྲེལ་ནས་དགོས་མེད་ཀྱི་སྡུག་བསྔལ་སྣོན་མ་མང་པོ་ཞིག་བཟོ་བཞིན་འདུག དཔེར་ན་ཕྲུ་གུ་ཞིག་ནང་ལ་ལོག་ནས། ཕ་མར་རྒན་ཕུན་ཚོགས་ལགས་ཨ་རིར་འགྲོ་མཁན་རེད་ལབ་སོང་ཟེར་། ཨ་མས་ལམ་གསེང་ཁ་པར་བཏང་ནས་ཁྱིམ་མཚེས་ལ། ཤེས་རབ། ཁྱེད་ཤེས་སོང་ངས། སློབ་གྲྭའི་རྒན་ཕུན་ཚོགས་ལགས་ཨ་རིར་འགྲོ་མཁན་རེད་འདུག་ཟེར། སང་ཉིན་ཤེས་རབ་ཀྱི་ཨ་མ་རྒན་མོ་དེས་རོགས་པ་ཚོར། རྒན་ཕུན་ཚོགས་ལགས་ཨ་རིར་མགྱོགས་པོ་འགྲོ་མཁན་རེདའདུག་ཟེར། གང་ལྟར་སྐད་ཆ་འདི་ལྟར་ཁྱབ་ནས་བརྟག་དཔྱད་བྱེད་མཁན་མེད།