སྤྱན་ཆེན་པོ།
འཐུང་མ་མྱོང་བའི་རྒུན་ཆང་དེ་ཤེད་ཀྱིས་འཐུང་བས
རིག་མ་མྱོང་བའི་ལྗང་སེར་གློ་དམར་དག་མིག་ལམ་ནས་རྒྱུ
སེམས་པ་ལ་གཤོག་པ་འཐོག་ནས་འཕུར་གྱིན་འཕུར་གྱིན
མི་རྣམས་ཀྱིས་ཁོ་བོ་ལ་ལྟ་བཞིན་ཁོ་བོ་གླེང་གིན་འདུག་པས
ངས་ཁྱོད་ལ་བལྟས་ནས་ཁྱོད་ཁོ་ན་གླེང་བ་ཡིན
བརྡ་རྟགས་ཀྱི་གསང་གྲངས་མ་རྙེད་པས
སེམས་པའི་ཤེལ་ངོས་སུ་འཆར་ཡོང་བ་ནི་ཀླད་ཀོར་ཞིག
འོན་ཀྱང ཁྱོས་ངོ་གདོང་གཙང་མ་ཞིག་བཀྲུས་རྗེས
སུ་ལ་ཡང་བཤད་ཀྱང་གང་ལ་མ་བཤད་པའི་དྲ་སྣེ་ཞིག་ན
ཅི་ཞིག་ལ་ཚང་རྩིས་བྱེད་ཞོར་འཛུམ་དམུལ་ལེར་འདུག
ཡ་ཐོག་གི་རི་མོ་དེ་བསུབས་ནས
ལག་པ་ཕར་སྲིང་དུས
ཁྱོད་ནི་སྲིད་པའི་ཁྲོམ་ཆེན་གྱི་གླུ་བ་ཞིག་སྟེ
མི་རྣམས་ཀྱིས་ཁྱོད་ཀྱི་གླུ་སྐད་ལ་ཉན་བཞིན་འདུག་པས
ང་ནི་དེ་ལས་ལྡོག་སྟེ་ཕྱིར་རང་མལ་དུ་ལོག་པ་ཡིན
༢༠༡༥-༤-༥ མཚན་སྨད་ལ་གྲུབ།