བསྟན་འཛིན་འཆི་མེད། འཛིན་རིམ༨ རང་ལོ༡༤ དཔེ་སྟོན་སློབ་གྲྭ།
༡ གློག་བརྙན།- རྒྱ་གར་གྱི་སློབ་གསོ་བཟང་བོ་ལྡན་པའི་གློག་བརྙན་ཞིག།
༢ མི་སྣ།- མི་སྣ་གཙོ་བོ་བཞི་ལས་གྲུབ་པ་ཞིག་རེད།
༣ དུས་ཡུན།- ཆུ་ཚོད་༢དང་སྐར་མ ༤༧
འཛིན་རིམ་བརྒྱད་པའི་སློབ་མ་ང་ཚོས་ཐེངས་མང་རེ་བ་ཞུས་པར་བརྟེན་བོད་དགེ་མཆོག་གིས་ང་ཚོར་གློག་བརྙན་ཞིག་སྟོན་རྒྱུའི་དམ་བཅའ་བཞག་ཀྱང་ཕྱིས་སུ་གློག་བརྙན་དེ་ལྟ་བའི་མྱོང་ཚོར་རྩོམ་ཐུང་ཞིག་འབྲི་རྒྱུའི་ཁས་ལེན་བྱེད་དུ་བཅུག། ང་ཚོས་དེ་མ་ཐག་ཏུ་གོ་སྐབས་བཟང་པོ་དེ་འདྲ་ལ་མོས་མཐུན་མི་བྱེད་ན་ག་ལ་བྱེད་ཅེས་སྙམ་སྟེ་དེ་མུར་ཁས་ལེན་བྱས། ཁོང་གིས་རེས་གཟའ་པ་སངས་ལ་ཐབས་ཤེས་ཡོད་དགུ་ཞིག་བཏོན་སྟེ་ སློབ་ཕྲུག་ང་ཚོར་རྒྱ་གར་གྱི་ཆེས་སློབ་གསོ་བཟང་མོ་ཞིག་ལྡན་པའི་གློག་བརྙན་ཞིག་བསྟན་བྱུང། བོད་དགེ་མཆོག་ནི་དུས་ཚོད་ལ་གུས་ཞབས་དང་རིན་ཐང་བྲལ་བའི་དུས་ཚོད་དེ་ཆུད་ཟོས་སུ་གཏོང་རྒྱུར་མི་དགའ་བས་གློག་བརྙན་དེ་ཡང་དོན་དང་ལྡན་པ་ཞིག་བསྟན་བྱུང།གཟུགས་མཐོང་བརྙན་འཕྲིན་ནང་ཡོད་པའི་ (Ishan)ཞེས་པའི་སློབ་མ་དེ་རི་མོ་འབྲི་རྒྱུར་དགའ་བས་ཁ་དོག་རྣམ་པར་བཀྲ་བའི་རི་མོ་ཟང་ཟིང་གི་བརྒྱུད་ནས་གློག་བརྙན་ཐུང་ཐུང་དེ་མགོ་བཙུགས་སོང།ངོ་མོ་གློག་བརྙན་དེ་བོད་པའི་སྤྱི་ཚོགས་ལ་ཆ་བཞག་ན་ཧ་ཅང་གི་འཚམ་པོ་ཞིག་འདུག། གང་ཡིན་ཟེར་ན་དེང་སྐབས་ཀྱི་བོད་པའི་སྤྱི་ཚོགས་ནང་ཡོད་པའི་ཕ་མས་རང་ཉིད་ཀྱི་ཕྲུ་གུའི་འདོད་མོས་དེ་མི་རྟོགས་པར་སོ་སོའི་འདོད་མོས་ཇི་བཞིན་བྱེད་དུ་བཅུག་ནས་ཕྲུ་གུ་སེམས་ལ་དཀའ་ངལ་གང་མང་འཕྲད་བཞིན་ཡོད་པ་ང་ཚོའི་མིག་གི་མཐོང་བཞིན་ཡོད་པ་འདི་ཡིན། ཕྲུ་གུའི་དམིགས་ཡུལ་རྩོམ་པ་པོ་ཞིག་ཡིན་ནའང་ཕ་མས་ལྐུགས་པའི་ཨུ་ཚུགས་བརྒྱབ་ནས་རང་ཉིད་ཀྱི་འདོད་པ་ལྟར་ཚན་རིག་གི་སྦྱངས་སུ་བཅུག་གི་ཡོད་པ་འདི་རེད། དེ་ལྟར་བྱས་ན་ཕྲུ་གུའི་དམིགས་ཡུལ་དེ་དབྱར་ཁའི་འཇའ་ཚོན་ཇི་བཞིན་མིག་མདུན་དུ་ལེགས་འགྲུབ་ཡོང་དཀའ་བ་ལྟར་ཆགས་སྲིད།
གློག་བརྙན་ནང་གི་མི་སྣ་གཙོ་བོ། (Ishan) ཁོས་ང་ཚོ་དང་འདྲ་བར་གནས་སྐབས་རིང་རྒན་ལགས་ཀྱི་བཀའ་བཀྱོན་དང་ཉེས་རྡུང་ལས་གཡོལ་ཐབས་ཆེད་ཕྲག་སྟེང་དུ་དཔེ་ཁུག་ཅིག་ཁུར་ཏེ་སློབ་གྲྭའི་ཕྱིར་བྲོས། ཕྱིས་སུ་ནང་ལ་སླེབས་དུས་དངངས་འཚབ་ཀྱིས་རང་ཉིད་ཀྱི་གཅེན་པོར་ནད་རྫུན་གྱི་དགོངས་ཤོག་ཅིག་འབྲི་རྒྱུའི་རེ་བ་བཅངས་པ་མ་ཟད་དགོངས་ཤོག་རྫུན་མ་ཞིག་གིས་རང་ཉིད་སེམས་ཀྱི་དཀའ་ངལ་ལས་བྲལ་ཐབས་བྱས། ཁོའི་ཕ་མ་དང་དགེ་རྒན། འཛིན་གྲོགས་ཡོངས་ཀྱིས་བུ་དེའི་དཀའ་ངལ་མ་རྟོགས་པར་མུ་མཐུད་གཤེ་གཤེ་གཏོང་བའམ་དམའ་དབེབས་བྱས་པར་བརྟེན་ཁོའི་མདུན་ལམ་གྱི་ལམ་ཁ་ནི་མོག་མོག་དང་མུན་ནག་གིས་ཁེངས་ཡོད་པས་ཁོ་བོ་སུན་སྣང་དང་སེམས་ཁུལ་གྱིས་གདུང་ནས་སྤྱི་ཚོགས་ལ་འབྲེལ་འདྲིས་བྱ་རྒྱུར་ཡང་ཉོབ་སྣང་སྐྱེས་པ་སོགས་བྱུང་ནས་སྤྱི་ཚོགས་དང་རྒྱང་ཐག་རིང་དུ་ཕྱིན་ཏེ་རང་ཉིད་ཁེར་རྐྱང་ལུས་པའི་ཚོར་སྣང་ཞིག་སྐྱེས་ཡོད་པ་བསྟན་པ་འདི་རེད། གལ་ཏེ་དེ་འདྲ་ཞིག་བོད་པའི་སློབ་མ་ཞིག་ལ་བྱུང་ན་སྤྱི་ཚོགས་ནང་ཆོ་མེད་ཀྱི་གད་སྙིགས་ལྟར་འགྱུར་སྲིད་ལ་ཆུང་ཚགས་ནས་བཤད་ན་ནང་མི་ཞིག་གི་གྱོང་གུད་ཅིག་དང་ཆེ་ཚགས་ཤིག་ནས་བཤད་ན་བོད་མི་རིགས་ཀྱི་གྱོང་གུད་ཡིན། གལ་ཏེ་གློག་བརྙན་ནང་ཡོད་པའི་བུ་དེར་དགེ་རྒན་སེམས་བཟང་དེར་མ་ཐུག་ན་བུ་དེར་སྤྱི་ཚོགས་ལ་འབྲེལ་འདྲིས་བྱ་རྒྱུར་ཉོབ་སྣང་ཞིག་སྐྱེས་རྒྱུར་ཁ་ཚོམས་བཅད་ནས་བཤད་ཐུབ། གལ་ཏེ་སྟབས་མ་ལེགས་ན་བུ་དེས་རང་ཉིད་ཀྱི་རྒྱུན་གཏན་འཚོ་བ་ལ་སུན་སྣང་དང་སྐྱུག་མེར་ལངས་ཏེ་རང་ཤི་ཡང་བརྒྱབ་སྲིད། དེར་བརྟེན་ཕ་མ་དང་དགེ་རྒན་སུ་ཞིག་ཡིན་རུང་ཕྲུ་གུའི་སེམས་ཁམས་ཆུང་ཆུང་ཞིག་གི་ནང་དེ་འདྲ་མ་བྱེད་ཅེས་པའི་མ་དེས་ཕྲུ་གུའི་སེམས་ཁམས་དེ་ཡར་རྒྱས་ཡོང་རྒྱུར་བཀག་སྡོམ་ཡང་བྱས་སྲིད། ཕ་མ་ཁ་ཤས་ཀྱིས་རང་ཉིད་ཀྱི་གཅེས་ཕྲུག་གི་སྦྱངས་འབྲས་མཐོར་འདེགས་མི་ཡོང་བ་དེ་སློབ་གྲྭའི་ནོར་ཁྲུལ་རེད་སྙམ་སྟེ་སྒྲིག་འཛུགས་དམ་པོ་ཡོད་པའི་སློབ་གྲྭ་ལ་བཏང་སྟེ་ཁོ་ལ་དེ་སྔོན་ཡོད་པའི་གྲོགས་པོ་རྣམས་ལ་ཁ་བྲལ་ཞིང་སློབ་གྲྭ་གསར་པའི་ནང་དུའང་སློབ་ཕྲུག་གསར་པ་དང་འབྲེལ་འདྲིས་བྱ་རྒྱུར་ཉོབ་སྣང་བྱས་ཏེ་མཐར་ཁེར་རྐྱང་ལུས་ཏེ་འཕྲོ་བརླག་ཏུ་ཕྱིན།
དགེ་རྒན་ཞེས་པ་དེ་ཤེས་བྱ་མཐོན་པོ་དེ་ཙམ་མི་དགོས་པར་ངེས་པར་དུ་སློབ་མའི་སེམས་ཁམས་རྟོགས་མཁན་ཞིག་དང་ཁོག་རྒྱ་ཆེན་པོ་ཞིག་ཀྱང་དགོས་ངེས་ཡིན་པ་གློག་བརྙན་འདིའི་ནང་དུ་བསྟན་གྱིན་འདུག། ངའི་བསམ་ཚུལ་ལ་གློག་བརྙན་ལྟ་རྒྱུར་མི་དགའ་བའི་ཕ་མ་དང་དགེ་རྒན་སུ་ཞིག་ཡིན་རུང་ཐེངས་ཤིག་ངེས་པར་དུ་གློག་བརྙན་འདི་ལ་གཟིགས་པར་རེ་སྨོན་ཞུ་ཡི་ཡོད།
རྩོམ་ཡིག་འདི་ཧ་ཅང་གི་ཡག་པོ་བྲིས་འདུག། ལོ་ཚད་འདི་ལ་རྩོམ་ཡིག་དེ་འདྲ་བྲིས་ཐུབ་ན་ཧ་ཅང་གི་ཡག་པོ་རེད། དེ་ལྟར་བྱས་ནས་རྩོམ་ཡིག་ད་དུང་བྲིས་ན་ཧ་ཅང་གི་ཡག་པོ་རེད། མུ་མཐུད་དེ་དེ་ལྟར་བྲིས་རོགས།